འདི་ལོ་རྒྱ་གཞུང་གིས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་དུ། དམར་ཤོག་མང་ཚོགས་ལམ་ཕྱོགས་སློབ་གསོ་ཞེས་པ་སྤེལ་ཏེ། ས་གནས་བོད་རིགས་མང་ཚོགས་ཐོག་དྲག་གནོན་དང་། གསང་བའི་ཐོག་བོད་མི་མང་པོ་སྔ་ཕྱིར་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་འགྱུར་བཞིན་ཡོད་པ་ལྟར། ཉེ་ཆར་ཡང་ཁམས་འབྲི་རུ་རྫོང་གི་གཞས་པ་གཉིས་འཇུ་བཟུང་བཙན་འཁྲིད་བྱས་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༠ ཡས་མས་ཤིག་ལ། གླུ་བ་འཕྲིན་ལས་ཚེ་དཀར་ལགས་ནག་ཆུ་ཁུལ་གྲོང་ཁྱེར་ནས་གློ་བུར་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་འདུག ཡིན་ནའང་། རྒྱ་གཞུང་གིས་ཁོང་འཇུ་བཟུང་དགོས་དོན་གྱི་ནག་ཉེས་གང་ཡང་གསལ་ཁ་བཏོན་མེད་པ་རེད།
གླུ་བ་ཁོང་གི་སྐྱེས་ཡུལ་ནི་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན།
བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་འབྲི་རུ་ཤང་སེར་ཁང་གྲོང་ནས་ཡིན་པ་རེད། ཁོང་གི་ཨ་ཕ་སྔོན་ནས་འདས་གྲོངས་ཕྱིན་ཡོད་སྟབས། ད་ལྟ་ཁོའི་ནང་དུ་བཟའ་ཟླ་དང་ཕྲུ་གུ་གཅིག ཨ་མ་བཅས་ཡོད་པ་དང་། ཁོང་ད་ལྟ་རང་ལོ་ ༢༢ ཡིན་འདུག
གླུ་བ་འཕྲིན་ལས་ཚེ་དཀར་ལགས་ནི། ནམ་རྒྱུན་མི་རིགས་ཀྱི་བདེ་སྡུག་དབྱངས་སུ་གྱེར་མཁན་གླུ་བ་ཞིག་ཡིན་ལ། ཁོང་གིས་༼མཐུན་སྒྲིལ་གྱི་ཨ་ལོང་༽ཞེས་པའི་འོད་སྡེར་ཀྱིས་མཚོན་པའི། མི་རིགས་རིག་གཞུང་གཅེས་འཛིན་སྐོར་བརྗོད་དོན་ཡིན་པའི་ཆེད་སྒྲིག་གླུ་གཞས་འོད་སྡེར་འགའ་ཤས་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་བྱས་མྱོང་ཡོད་ལ། ཁོང་གི་གླུ་གཞས་ཁག་ལ་སྤྱི་ཚོགས་ཁྲོད་དགའ་མོས་བྱེད་མཁན་མང་པོ་ཡོད་འདུག
གཞན་ཡང་། ༢༠༡༣ ཕྱི་ཟླ་ ༡༡ ཚེས་ ༣༠ དགོང་མོར། རྒྱ་གཞུང་ཉེན་རྟོག་པས་ལྷ་ས་གྲོང་དུ་གླུ་བ་མགོན་པོ་བསྟན་འཛིན་ལགས་ཀྱང་འཇུ་བཟུང་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད།
གླུ་བ་བསྟན་འཛིན་ལགས་ཀྱི་སྐྱེས་ཡུལ་ནི། རྒྱ་གཞུང་གིས་བོད་ས་བགོས་ཀྱི་ས་ཁོངས་ལྟར་བྱས་ན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཤག་ཆུ་གྲོང་བརྡལ་སེབ་ཁྲ་གྲོང་ནས་ཡིན་པ་དང་། ཁོང་གི་ཁྱིམ་དུ་བཟའ་ཟླ་དང་ཕྲུ་གུ ཕ་མ་གཉིས་བཅས་ཡོད་པ་དང་། ཁོང་ད་ལྟ་རང་ལོ་ ༢༥ ཡིན་འདུག
གླུ་བ་བསྟན་འཛིན་ལགས་ནི་དུས་རྒྱུན་བོད་མི་རིགས་ཀྱི་ལས་དབང་དང་འབྲེལ་བའི་གླུ་གཞས་ལེན་མཁན་ཞིག་ཡིན་པ་དང་། ཁོང་གིས་སྒེར་གྱི་གླུ་གཞས་ཆེད་སྒྲིག་འོད་སྡེར་མང་པོ་སྤྱི་ཚོགས་ཁྲོད་འགྲེམ་སྤེལ་གྱིས། རང་ཉིད་ཀྱི་སྙན་མོ་ངག་ལ་དྲངས་ཏེ་མི་རིགས་སྐད་ཡིག་དར་སྤེལ་དང་མི་རིགས་སློག་གསོ་ཡར་རྒྱས་གཏོང་དགོས་པའི་སྐོར་སྐུལ་འདེད་གནང་བཞིན་ཡོད་ལ། བོད་རིགས་མང་ཚོགས་ཀྱིས་ཀྱང་ཁོང་གི་གླུ་གཞས་ལ་དགའ་མོས་ཆེན་པོ་ཐོབ་བཞིན་ཡོད་པ་རེད། དེ་བཞིན། འདི་ལོ་ཡང་ཁོང་གིས་༼གངས་ཅན་བོད་ལ་ལོ་གསར་ག་ལ་ཡོད༽ཅེས་པའི་གླུ་གཞས་འོད་སྡེར་ཞིག་བཏོན་ཡོད་པ་དེར། བོད་མིའི་སྤྱི་ཚོགས་ཁྲོད་དོ་སྣང་དང་སྙན་གྲགས་རྒྱས་བཞིན་ཡོད་སྟབས། ཉེ་སྔོན་རྒྱ་གཞུང་གིས་ཁོང་འཇུ་བཟུང་དགོས་པའི་བཀའ་རྒྱ་ཡང་བཏང་ཡོད་འདུག
ཁོང་གི་གླུ་གཞས་༼གངས་ཅན་བོད་པ་ལོ་སར་གང་ན་ཡོད།༽ཞེས་པའི་གཞས་ཚིག་ཆ་ཚང་ནི།
གངས་སེང་དཀར་མོ་གངས་ལ་འགྱིང་ཐག་རིང་།།
གངས་རིའི་དཔའ་བོ་གངས་ཕྱིར་སྐྱོབ་ཐབས་བྲལ།།
གངས་བུ་རྒོད་པོ་གངས་སླད་སྐྱིད་ཐབས་དབེན།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།
གངས་རིའི་རྩེ་ནས་ཁྱི་རྒན་ཀུ་ཅོ་འདོན།།
གངས་རིའི་སྐེད་ནས་སྤྱང་མོས་ངུ་ཟུག་བྱེད།།
གངས་རིའི་འདབས་ནས་ཝ་མོད་ཟློས་གར་འཁྲབ།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།
གངས་རིའི་སྙིང་ཁྲག་དྲོད་མོ་ས་ལ་གཏོར།།
གངས་རིའི་རླུང་རྟ་དཀར་པོ་ཆུ་ལ་བསྐུར།།
གངས་རིའི་ཚེ་སྲོག་དམར་པོ་མེ་རུ་སྦར།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།
གངས་རིའི་ངུ་སྐད་རྒྱལ་ཁམས་ཡོངས་ལ་ཁྱབ།།
གངས་རིའི་མིག་ཆུས་འཛམ་གླིང་གཡས་བསྐོར་རྒྱབ།།
གངས་རིའི་ན་ཟུག་ས་སྟེང་སུ་ཡིས་ཚོར།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།
གངས་རིའི་གཟི་བྱིན་སྨུག་སྤྲིན་ནག་པོས་བསྒྲིབས།།
གངས་རིའི་ལང་ཚོ་དུས་ཀྱི་ཉི་མས་གཟས།།
གངས་རིའི་འཇིག་རྟེན་ཕལ་ཆེར་འཇིག་ལ་ཉེ།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།
གངས་རིའི་ཐོབ་ཐང་གཞན་དབང་འོག་ན་ཡོད།།
གངས་རིའི་རང་དབང་མནར་གཅོད་ཁྲོད་དུ་ལུས།།
གངས་ཕྲུག་རྣལ་མའི་སེམས་ཤིག་ཡོད་རྒྱུ་ན།།
གངས་ཅན་བོད་ལ་ལོ་སར་གང་ན་ཡོད།།