ཁམས་འབྲི་རུ་རྫོང་ཁོངས་སུ་སྡེ་དཔོན་འབའ་ཆེན་རྒྱལ་བ་ལགས་རྒྱ་གཞུང་གིས་དམར་གསོད་བཏང་འདུག

ཁམས་འབྲི་རུ་རྫོང་རྒྱ་ཤོད་གཡང་ཤོག་དམ་སེན་ཚ་ཤང་ཟེར་བའི་ཁོངས་གཏོགས། དབུ་གཞུང་གྲོང་ཚོའི་སྡེ་དཔོན་འབའ་ཆེན་རྒྱལ་བ་ལགས། ཉེ་ཆར་ས་གནས་རྒྱ་གཞུང་གིས་དམར་གསོད་བཏང་ཡོད་པ་མ་ཟད། ཁོང་ལ་རྒྱབ་སྐྱོར་གནང་མཁན་མང་ཚོགས་ ༥༠ ལྷག་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། རྒྱ་གཞུང་གིས་བོད་ས་བཅད་བཟུང་གིས་མི་སེར་སྤེལ་བའི་ད་ལྟའི་དབང་བསྒྱུར་ས་ཁོངས་ལྟར་བྱས་ན། བོད་རང་སྐྱོང་ལྗོངས་ཟེར་བའི་ནག་ཆུ་ས་ཁུལ་གྱི་ཁོངས་སུ་བསྡུས་ཡོད་པའི་འབྲི་རུ་རྫོང་གཡང་ཤོག་ཤང་དབུ་གཞུང་གྲོ་ཚོའི་སྡེ་དཔོན་ཡིན་ཞིང་། ད་ལྟ་རང་ལོ་ ༥༠ ཡས་མས་ལ་སོན་པའི་འབའ་ཆེན་རྒྱལ་བའམ་སྔར་གྱི་གྲྭ་མིང་ལ་ངག་དབང་སྨོན་ལམ་ཞུ་བ་ཁོང་། འབྲི་རུ་རྫོང་གི་དམར་ཤོག་དྲུང་ཆེ་ཀྲང་ཀཱང་ཟེར་བས་བཀའ་མངགས་ལྟར། ས་གནས་རྒྱ་གཞུང་ཉེན་རྟོག་པ་དང་བཅའ་སྡོད་དམག་མིའི་མགོ་གཙོ་ཞིག་གིས། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༢༡ ཉིན་གཡང་ཤོག་ཤང་དུ་དམར་གསོད་བཏང་ཡོད་པ་མ་ཟད། གྲོང་ཚོ་དེའི་མང་ཚོགས་ལྔ་བཅུ་ཙམ་འཇུ་བཟུང་བྱས་ཏེ་གཡང་ཤོག་ཞང་དུ་བཀག་ཉར་བྱས་མཐར་འབྲི་རུ་རྫོང་དུ་བཙན་འཁྲིད་བྱས་ཡོད་པ་རེད། ཁོང་ཚོའི་ཁྲོད་ནས་མིང་ཤེས་རྟོགས་བྱུང་ཡོད་པ་ཁག་ཅིག་ནི། དཔའ་དགའ་དང་ནད་མེད། དྲོ་རིལ། བཀྲ་ཤིས་བཅས་ཡིན་འདུག དོན་རྐྱེན་དེའི་གཞི་རྩའི་གནད་དོན་ཞིབ་ཕྲ་ཁ་གསལ་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། སྡེ་དཔོན་འབའ་ཆེན་རྒྱལ་བ་ལགས་ནི་བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་དང་། ས་གནས་དགོན་གྲོང་གཉིས་ཀྱི་སྐྱ་སེར་མང་ཚོགས་ལ་ཞབས་འདེགས་སྒྲུབ་མཁན་ཞིག་ཡིན་སྟབས། མང་ཚོགས་ཀྱིས་ཁོང་ལ་གུས་བརྩི་དང་ཁོང་གི་ཕྱག་ལས་ལ་རྒྱབ་སྐྱོར་ཤུགས་ཆེན་པོ་གནང་བཞིན་ཡོད་འདུག དེར་བརྟེན་རྒྱ་གཞུང་གིས་ཁོང་གི་ཤུགས་རྐྱེན་མེད་པ་བཟོ་ཆེད་དམར་གསོད་བཏང་བ་ཞིག་ཡིན་པར་ས་གནས་མང་ཚོགས་ཀྱིས་ངོས་འཛིན་བྱེད་བཞིན་ཡོད་འདུག

སྡེ་དཔོན་འབའ་ཆེན་རྒྱལ་བ་ལགས་ནི་རྒྱ་ཤོད་པད་དཀར་དགོན་པའི་གྲྭ་ཟུར་ཞིག་ཡིན་པ་དང་། ཁོང་ནི་མི་རིགས་ཀྱི་ལ་རྒྱ་དང་སྙིང་སྟོབས་ལྡན་ལ་གཤིས་རྒྱུད་དྲང་བའི་མི་ཞིག་ཡིན་སྟབས། ས་གནས་མང་ཚོགས་ཀྱིས་ལོ་མང་རིང་ཁོང་དབུ་གཞུང་གྲོང་ཚོའི་སྡེ་དཔོན་དུ་བསྐོས་ཏེ་གུར་བཀུར་ཞུ་བཞིན་ཡོད་ལ། ཁོང་གིས་དུས་རྟག་ཏུ་རང་ནུས་ཡོད་ཚད་ཀྱི་རྒྱ་ཤོད་དབུ་གཞུང་གྲོང་ཚོ་དང་པད་དཀར་དགོན་པའི་ལས་དོན་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུ་བསྒྲུབས་ཏེ། གྲོང་སྡེའི་ནང་དུ་ཆོས་དང་རིགས་གཞུང་དར་སྤེལ་དང་། གཞོན་སྐྱེས་ཚོའི་ཤེས་ཡོན་ཡར་རྒྱས། གྲོང་ཚོའི་དཔལ་འབྱོར་ཡར་རྒྱས། མང་ཚོགས་ནང་ཁུལ་མཐུན་སྒྲིལ་བཅས་ཀྱི་ཆེད། གྲོང་ཚོའི་ནང་བྱ་འགུལ་སྣ་མང་སྤེལ་ཡོད་པ་དཔེར་ན། གྲོང་ཚོའི་ནང་སྤྱི་ཁང་ཆེན་པོ་ཞིག་བརྒྱབས་ནས་དེར་མང་ཚོགས་ཀྱིས་བླ་མ་དང་དགེ་བཤེས་རྣམས་ལས་བཀའ་ཆོས་ཞུ་བ་དང་། ལོ་ལྟར་མང་ཚོགས་ཀྱིས་སྒྲོལ་མ་དང་མ་ཎི་དུང་སྒྲུབ་འཚོགས་པ། གྲོང་ཚོར་ཟློས་གར་རུ་ཁག་བཙུགས་ཏེ་དམངས་ཁྲོད་གླུ་གར་སྦྱོང་བརྡར་གྱིས། དབུ་གཞུང་གྲོང་ཚོ་དང་པད་དཀར་དགོན་པའི་དབྱར་སྐྱིད་སྐབས་བོད་ཀྱི་རིགས་གཞུང་འཁྲབ་སྟོན་བཅས་གནང་གི་ཡོད་པ་དང་། དེ་བཞིན། གཙོ་བོ་གྲོང་ཚོའི་ནང་གི་གཞོན་སྐྱེས་ལས་མེད་ཚོར་དམིགས་ཏེ་གྲོང་ཚོའི་ནང་རྨོངས་སེལ་སློབ་གྲྭ་ཞིག་བརྒྱབས་ཏེ། གྲོང་ཚོའི་ནང་གི་ཡིག་རྨོངས་བ་རྒན་གཞོན་དར་གསུམ་ལ་སློབ་ཁྲིད་གནང་ནས་ཡིག་རྨོངས་སེལ་ཐབས་གནང་ཡོད། ད་དུང་གྲོང་ཚོའི་སྨན་ཁང་དང་ཚོང་ཁང་བཅས་འཛུགས་སྐྲུན་བྱས་ཡོད་པ་མ་ཟད། ནམ་རྒྱུན་བོད་མི་ནང་ཁུལ་འཁྲུག་འཛིངས་དང་། གྲོང་ཚོའི་གཞོན་རབས་པ་ཚོར་རྒྱན་འཇོག་དང་རྐུན་ཇག ཆང་རག དུ་བ་སོགས་སྤང་བཅུགས་པར་བརྟེན་ནས། གྲོང་ཚོ་སྔར་བས་ཡར་རྒྱས་དང་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཕྱིན་ཡོད་འདུག

གནས་ཚུལ་དེ་དག་གི་རྐྱེན་པས་རྒྱ་གཞུང་གིས་ཁོང་ལ་ལྟ་སྟངས་ཡག་པོ་མེད་པ་མ་ཟད། ཉེ་ཆར་ས་གནས་རྒྱ་གཞུང་གིས་འབའ་ཆེན་རྒྱལ་བ་གྲོང་ཚོའི་སྡེ་དཔོན་ལ་བཞག་མི་ཆོག་པའི་བཙན་བཀའ་བཏང་སྟེ། རྒྱ་གཞུང་རང་ངོས་ནས་སྡེ་དཔོན་གསར་པ་ཞིག་བསྐོ་འཇོག་བྱ་རྒྱུ་བྱས་ཡོད་པ་མ་ཟད། སྡེ་དཔོན་འབའ་ཆེན་རྒྱལ་བ་ལགས་ལ་ཉེས་མེད་ཉེས་འཛུགས་ཀྱི་བཙོན་གནོན་འོག་ནས་དམར་གསོད་བྱས་པའི་དོན་རྐྱེན་དེ་བྱུང་ཡོད་པ་དང་། ཁོང་གི་རྒྱབ་རྩར་ལངས་མཁན་མང་ཚོགས་རྣམས་གང་བྱུང་འཇུ་བཟུང་བཙོན་འཇུག་བྱས་ཡོད་འདུག དེ་བཞིན། གཡང་ཤོག་ཤང་དུ་དམར་གསོད་དང་འཇུ་བཟུང་གི་དོན་རྐྱེན་དེ་བྱུང་རྗེས། རྒྱ་གཞུང་གིས་ས་གནས་མང་ཚོགས་ལ་གནས་ཚུལ་དེ་དག་ཕྱིར་བསྒྲགས་མི་ཆོག་པའི་འཇིགས་སྐུལ་བྱས་ཏེ། གནས་ཚུལ་ཕྱིར་བསྒྲགས་མི་བྱ་རྒྱུའི་མཛུབ་ཐེལ་རྒྱག་བཅུག་པ་དང་། མང་ཚོགས་རྣམས་ས་གནས་གཞན་ལ་འགྲོ་བསྐྱོད་མི་ཆོག་པའི་དམ་དྲག་བྱེད་བཞིན་ཡོད་འདུག

དེ་དང་ཕྱོགས་མཚུངས་རྒྱ་ཤོད་པད་དཀར་དགོན་ནས་གྲྭ་པ་ ༤༠ ལྷག་དང་། རྒྱ་ཤོད་ཡ་ང་བྱ་མདའ་བཙུན་དགོན་ནས་བཙུན་མ་ ༡༠༠ ལྷག་བཅས་ཕྱིར་ཕུད་བཏང་བའི་གནས་ཚུལ་བྱུང་འདུག ད་དུང་མདོ་སྟོད་སྨད་ཁུལ་དུ་སློབ་གཉེར་གནང་བཞིན་པའི་རྒྱ་ཤོད་ཀྱི་གྲྭ་བཙུན་ཚང་མ་འཕྲལ་དུ་ཕྱིར་རང་ཡུལ་ལ་ལོག་དགོས་པའི་སྐོར། འབྲེལ་ཡོད་ནང་མི་དང་དགོན་པའི་འགན་འཛིན་བཅས་ལ་བཙན་བཀའ་བཏང་སྟེ། གལ་སྲིད་དུས་ལྟར་ཕྱིར་མ་ལོག་ཚེ་ཕ་ཡུལ་ནས་ཕྱིར་ཕུད་གཏོང་རྒྱུ་ཡིན་པ་བསྒྲགས་ཡོད་སྟབས། ས་ཕྱོགས་གཞན་དུ་སློབ་གཉེར་གནང་བཞིན་པའི་གྲྭ་བཙུན་མང་པོ་ཞིག་མི་འདོད་བཞིན་དུ་སློབ་གཉེར་བློས་གཏོང་གིས་ཕ་ཡུལ་དུ་ལོག་དགོས་བྱུང་ཡོད་པ་དང་། ས་གནས་དགོན་སྡེ་ཁག་ནང་གྲྭ་བཙུན་ཚོར་བསམ་བློའི་སློབ་གསོ་སྤྲོད་དགོས་ཟེར་ནས། ཉིན་ལྟར་སུན་གཙེར་ཚད་མེད་བཟོ་བཞིན་ཡོད་འདུག

གནས་ཚུལ་གཞན་ཞིག་ལ། ད་སྐབས་འབྲི་རུ་རྫོང་གི་དམར་ཤོག་མགོ་ཁྲིད་ཀྲང་ཀཱང་གིས། སྒྲིག་ཁྲིམས་དོན་ཚན་ ༥༩ ཅན་ཞིག་རྫོང་གི་ས་ཁུལ་སོ་སོའི་ནང་ལག་བསྟར་བྱེད་བཅུགས་ཏེ། ས་གནས་སེར་སྐྱ་མང་ཚོགས་ལ་དོན་མེད་ཉེས་འཛུགས་ཀྱིས་སྡུག་སྦྱོང་མནར་གཏོང་གིན་ཡོད་པ་དང་། ཉེ་སྔོན་མང་ཚོགས་ ༣༠༠ ལྷག་ལ་འབྲི་རུ་རྩམ་མདོ་མ་ཟེར་བའི་ས་ཆ་དེར་དྲག་རྡུང་ལས་འགུལ་སྤེལ་ཏེ་སྡིག་སྦྱོང་མནར་གཅོད་བཏང་ཐོག ས་དོང་ཆེན་པོ་ཞིག་གི་ཁ་ནས་ཕར་ལ་མཆོང་བཅུགས་ཏེ་ལོ་ན་རྒན་པ་རྣམས་གཙོས་མཆོང་མ་ཐུབ་པའི་མང་ཚོགས་དག་ལ་རྡུང་རྡེག་ཚ་ནན་བཏང་ཡོད་འདུག ས་གནས་བོད་རིགས་མང་ཚོགས་རྣམས་ཐབས་ཟད་འུ་ཐུག་གི་གནས་སྟངས་འོག་ལྷུང་སྟེ། རྒྱ་གཞུང་གི་དྲག་རྡུང་ལས་འགུལ་དེ་གང་མགྱོགས་མཚམས་འཇོག་ཡོང་ཆེད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་རྒྱུར་འབོད་སྐུལ་ཞུ་བཞིན་ཡོད་འདུག

རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པའི་ཤར་ཕྱོགས་ཁུལ་གྱི་རྫོང་ཁག་གསུམ་སྟེ། སྦྲ་ཆེན་རྫོང་དང་སོག་རྫོང་། འབྲི་རུ་རྫོང་གསུམ་དང་ཡང་སྒོས་རྒྱ་ཤོས་ས་ཁུལ་བཅས་ནི། ལོ་ཤས་གོང་ནས་བཟུང་བོད་རང་སྐྱོང་ལྗོངས་ཀྱིས་དམིགས་བསལ་དམ་དྲག་ཆེན་པོ་བྱེད་བཞིན་པའི་ས་ཁུལ་ཞིག་ཆགས་ཡོད་ལ། དེ་བཞིན། ས་ཁུལ་དེ་དག་ནང་དེ་སྔོན་མང་ཚོགས་ཀྱི་ཞི་རྒོལ་གནས་ཚུལ་བསྟུད་མར་བྱུང་བ་དང་མུ་མཐུད་འབྱུང་བའི་དོགས་གཞིའི་འོག སྐབས་མཚམས་སུ་ཕྱི་ཕྱོགས་སུ་ཁ་པར་དང་དྲྭ་ལམ་བརྒྱུད་ལམ་བཀག་བསྡོམ་བྱས་ཡོད་སྟབས། ས་གནས་སུ་བྱུང་བཞིན་པའི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་ཐུབ་ཁག་པོ་ཆགས་ཡོད་འདུག

to top