ཁམས་ཉག་རོང་དུ་གྲྭ་སྐལ་བཟང་དབང་འདུས་ཀྱིས་རང་ལུས་མེར་བསྲེགས་གནང་འདུག

རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་སྟེ་འདས་གྲོངས་ཕྱིན་པའི་གྲྭ་སྐལ་བཟང་དབང་འདུས་ལགས།
རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་སྟེ་འདས་གྲོངས་ཕྱིན་པའི་གྲྭ་སྐལ་བཟང་དབང་འདུས་ལགས།

བོད་མདོ་ཁམས་ཉག་རོང་མ་རི་མཚོ་ཁ་ཨཱརྱ་གླིང་དགོན་པའི་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ཏེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་འདས་གྲོངས་སུ་ཕྱིན་འདུག ཁོང་ནི་ཕྱི་ལོ་ ༢༠༡༦ ལོར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཐོག་མ་ཆགས་ཡོད་ལ། ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ ༡༤༤ བྱུང་ཡོད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༩ ཉིན་གྱི་བོད་ནང་གི་ཕྱི་དྲོའི་ཆུ་ཚོད་ ༤ སྟེང་། བོད་མདོ་ཁམས་ཉག་རོང་རྫོང་མ་རི་མཚོ་ཁ་ཨཱརྱ་གླིང་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས། “བོད་ལ་རང་དབང་རང་བཙན་དགོས། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག” ཅེས་སྐད་འབོད་བྱེད་བཞིན། ཁོང་རང་གི་སྐྱེས་ཡུལ་སྦྱིན་ཡུལ་གྲོང་པའི་ནང་རང་ལུས་མེར་སྲེག་བཏང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་དང་། སྐབས་དེར་ཉེ་འཁོར་གྱི་མི་མང་གིས་མཐོང་སྟེ་ཁོང་གི་ལུས་སྟེང་གི་མེ་བསད་ནས་ཉག་རོང་རྫོང་སྨན་ཁང་དུ་བསྐྱལ་ཡོད་ཀྱང་དེ་གར་སྲོག་སྐྱོབ་མ་ཐུབ་པར་བརྟེན། རྒྱ་ནག་ཁྲིན་ཏུའུ་སྨན་ཁང་ཞིག་ཏུ་འཁྱེར་བའི་ལམ་བར་ནས་སྐུ་གྲོངས་ཡོད་འདུག ད་ལྟའི་ཆར་ཁོང་གི་སྐུ་ཕུང་རྒྱ་གཞུང་ཉེན་རྟོག་པས་བཙན་འཁྱེར་བྱས་མེད་པར་རང་ཁྱིམ་ནང་དུ་ཉར་ཡོད་འདུག

གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་བསྲེག་མ་བཏང་བའི་སྔོན་དེར། ཁོང་གི་སྐྱེལ་ཡུལ་སྦྱིན་ཡུལ་གྲོང་པའི་ནང་ཡུལ་མི་ཞིག་གྲོངས་ཕྱིན་ཡོད་པ་དེར་ཞབས་བརྟན་བསྒྲུབ་ཏུ་ཕྱིན་ཡོད་པ་དང་། དེ་རྗེས་ཁོང་ཕྱིར་རང་ཁྱིམ་དུ་ལོག་ནས་ཉིན་གཉིས་གསུམ་རིང་གསོལ་འདེབས་མཆོད་འབུལ་གནང་རྗེས། ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་གྱི་ཕྱི་དྲོར་སྦྱིན་ཡུལ་་གྲོང་པའི་ནང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་འདུག

ཁོང་གིས་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་གྱི་གནས་ཚུལ་དེ་བྱུང་རྗེས། རྒྱ་གཞུང་ཉེན་རྟོག་པ་མང་པོ་ཁོང་ཚང་དུ་སླེབས་ཏེ་ས་གནས་དེ་གར་བཀག་སྡོམ་སྟངས་འཛིན་བྱས་ཐོག ཁོང་གི་ནང་མིར་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་ཕྱི་ལོག་ཏུ་ཁྱབ་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། གྲྭ་སྐལ་བཟང་དབང་འདུས་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་དེ་སྦས་གསང་ཐོག ཁོང་ནི་ཁང་པ་སོགས་རྒྱུན་ལྡན་གྱི་མེ་སྐྱོན་དོན་རྐྱེན་གང་རུང་ཞིག་ལ་བརྟེན་ནས་མེར་ཚིགས་པ་ཡིན་ཚུལ་བརྗོད་དགོས་སྐོར་བཙན་སྐུལ་བྱས་ཡོད་འདུག ད་དུང་ཁོང་གི་ནང་མི་དང་ཉེ་འབྲེལ་རྣམས་ལ་བཀག་སྡོམ་གྱིས་སྡེ་བའི་མང་ཚོགས་དང་ཐུག་འཕྲད་བྱེད་འཇུག་གི་མེད་པ་རེད།

སྐལ་བཟང་དབང་འདུས་ལགས་ནི་ཁམས་ཉག་རོང་མ་རི་མཚོ་ཁ་ཨཱརྱ་གླིང་དགོན་པའི་གྲྭ་པ་ཡིན་པ་དང་། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་གྱིན་པའི་ད་ལྟའི་དབང་བསྒྱུར་ས་ཁོངས་ལྟར་བྱས་ན། རྒྱ་ནག་ཟི་ཁྲོན་ཞིང་ཆེན་ཁོངས་སུ་བཅད་བགོས་བྱས་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཉག་རོང་རྫོང་མ་རི་ཡུལ་ཚོ་སྦྱིན་ཡུལ་གྲོང་པ་ནས་ཡིན་པ་རེད། ཁོང་གི་མི་ཚང་གི་མིང་ལ་རྒྱ་སྣེ་ཚང་ཟེར་ལ། ཕའི་མིང་ལ་བསོད་བཀྲ་དང་མའི་མིང་ལ་ཨོ་རྒྱན་སྒྲོལ་མ་ཟེར། ཁོང་ནི་མིང་སྲིང་བཞི་ཡོད་པའི་གྲས་ནས་ཆུང་ཤོས་དེ་ཡིན་འདུག

དེ་བཞིན། གྲྭ་སྐལ་བཟང་དབང་འདུས་ལགས་དེ་སྔོན་མ་རེ་མཚོ་ཁའི་ས་གནས་སུ་ཡོད་པའི་རྒྱ་གཞུང་གི་སློབ་གྲྭ་ཞིག་ནང་ལོ་ལྔ་ཙམ་གྱི་རིང་སློབ་སྦྱོང་བྱས་མཐར་སློབ་གྲྭ་དེ་གའི་ནང་ནས་ཕྱིར་བུད་ཡོད་པ་དང་། ཕྱི་ལོ་ ༢༠༡༤ ལོར་ཁོང་མ་རི་མཚོ་ཁ་ཨཱརྱ་གླིང་དགོན་པའི་གྲྭ་ཚང་གི་ཆོས་སྒོར་ཞུགས་ཏེ་གྲྭ་པ་བྱས་ཡོད་འདུག མ་རི་མཚོ་ཁ་དགོན་པར་བཤད་གྲྭ་དང་སྒྲུབ་གྲྭ་སོགས་ཡོད་པའི་དགོན་པ་ཆེན་པོ་ཞིག་ཡིན་པ་དང་། ད་ལྟའི་ཆར་གྲྭ་ཚང་ཡོངས་ལ་གྲྭ་པ་ ༢༠༠ ལྷག་ཡོད་པ་རེད། གྲྭ་སྐལ་བཟང་དབང་འདུས་ལགས་ནི་སྒྲུབ་གྲྭར་ཞུགས་ཡོད་འདུག

རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་མཁན་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས།
རང་ལུས་མེར་བསྲེགས་ཀྱིས་ཞི་བའི་ངོ་རྒོལ་གནང་མཁན་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས།

གཞན་ཡང་། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༢༩ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨ དང་ཕྱེད་ཀ་ཙམ་ལ། རྡེ་རུ་ལྡུན་ལཱ་ཁ་ཝ་ལ་ས་གནས་སུ་མ་སུ་རི་བོད་ཁྱིམ་སློབ་གྲྭའི་འཛིན་རིམ་བཅུ་པའི་སློབ་ཕྲུག་རང་ལོ་ ༡༦ ཡིན་པ་རྡོ་རྗེ་ཚེ་རིང་ལགས་ནས་༼བོད་རང་བཙན༽ཞེས་སྐད་འབོད་བྱེད་བཞིན་རང་ལུས་མེར་བསྲེགས་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་རེད། ལུས་སྟེང་གི་མེ་བསད་དེ་སྨན་ཁང་དུ་འཁྲིད་སྐབས། ཁོང་གིས་བོད་དོན་ཆེད་དུ་ཡིན་པ་དང་། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག་ཅེས་བརྗོད་ཡོད་པ་རེད། ད་ལྟའི་ཆར་རྒྱ་གར་རྒྱལ་ས་ལྡི་ལིའི་སཱབ་དར་ཇཱང་སྨན་ཁང་(Safdarjung Hospital)དུ་མྱུར་སྐྱོར་བྱེད་བཞིན་ཡོད་ཀྱང་། ཁོང་གི་གཟུགས་པོའི་བརྒྱ་ཆ་ ༩༥ ཚིག་ཟིན་ཡོད་འདུག

རྡོ་རྗེ་ཚེ་རིང་ལགས་ཀྱི་ཁྱིམ་མན་ཌི་རྫོང་མ་ན་ལི་རུ་ཡོད་པ་དང་། ཁོང་གི་ཕའི་མིང་ལ་ཐུབ་བསྟན་དང་མའི་མིང་ལ་གཡང་འཛོམས་ཟེར། ཁོང་གཉིས་ལ་བྱིས་པ་བུ་གསུམ་དང་བུ་མོ་གཉིས་ཡོད་པའི་ནང་ནས་རྡོ་རྗེ་ཚེ་རིང་ལགས་ནི་ཆུང་ཤོས་དེ་ཡིན་པ་རེད། ཁོང་ཆུང་དུས་ནས་མ་ན་ལི་བོད་སློབ་ཏུ་སློབ་ཞུགས་བྱས་ཡོད་པ་དང་། ཕྱིས་སུ་མ་སུ་རི་བོད་ཁྱིམ་དུ་ཕྱིན་ཡོད་འདུག

དེ་ལྟར་རང་ལོ་ ༡༨ ཡིན་པའི་བོད་ནང་གྲྭ་སྐལ་བཟང་དབང་འདུས་དང་། རང་ལོ་ ༡༦ ཡིན་པའི་བཙན་བྱོལ་གྱི་སློབ་ཕྲུག་རྡོ་རྗེ་ཚེ་རིང་ལགས་གཉིས་ཀྱིས་ཉིན་གཅིག་ལ་རང་ལུས་མེར་བསྲེགས་གནང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་པ་དེས། བོད་ནང་གི་གནས་བབ་སྔར་བའི་ཛ་དྲག་ཏུ་འགྲོ་བཞིན་པ་སྟོན་གྱིན་ཡོད། འདི་ག་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བའི་གྲངས་འབོར་གཞིར་བཟུང་ན། ད་ལྟའི་བར་དུ་བོད་གཞིས་བྱེས་གཉིས་སུ་ཁྱོན་བསྡོམས་རང་ལུས་མེར་བསྲེགས་གནང་མཁན་ ༡༥༢ བྱུང་ཡོད་པ་དང་། དེའི་ཁྲོད་ནས་བོད་ནང་དུ་ ༡༤༤ དང་བཙན་བྱོལ་ནང་ ༨ བྱུང་ཡོད་པ་རེད། བོད་མིའི་ཁྲོད་རང་ལུས་མེར་བསྲེགས་གནང་མཁན་ཐོག་མ་དེ་ནི། ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་རྒྱལ་ས་ལྡི་ལིར་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་དེ་ཆགས་ཡོད། དེ་རྗེས་ཕྱི་ལོ་ ༢༠༠༩ ལོར་བོད་ནང་གྲྭ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་ནས་བཟུང་། བོད་ནང་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་ཤུགས་ཆེ་རུ་ཕྱིན་ཡོད། ཕྱི་ལོ་ ༢༠༡༡ ལོ་རང་ལུས་མེར་བསྲེགས་གནང་མཁན་མང་ཤོས་ཀྱི་ལོ་དེ་ཆགས་ཡོད། དེའང་ཕྱི་ལོ་ ༢༠༠༨ ལོར་བོད་ནང་ས་བྱི་ཞི་རྒོལ་ཆེན་མོ་བྱུང་སྐབས། རྒྱ་གཞུང་གིས་དམར་གསོད་དྲག་གནོན་ཡ་ང་བ་བྱས་པར་མ་ཟད། དེ་མུར་བོད་མི་མང་པོ་འཇུ་བཟུང་དང་བོད་ནང་སྔར་ལས་ལྷག་པར་དམག་མི་ཕོན་ཆེན་པོ་འགྲེམས་འཇོག་གིས་སྤྱི་ཚོགས་ཁྱོན་ཡོངས་ལ་བཀག་སྡོམ་བཙན་གནོན་བྱས་ཡོད། དེ་ལྟའི་ཡ་ང་བའི་དྲག་གནོན་དབང་བསྒྱུར་གྱི་སྲིད་ཇུས་བོད་ནང་མུ་མཐུད་གནས་ཡོད་སྟབས། བོད་གཞིས་བྱེས་གཉིས་སུ་རང་ལུས་མེར་བསྲེགས་ཀྱི་ཞི་བའི་ངོ་རྒོལ་མུ་མཐུད་བྱུང་གིན་ཡོད།

to top