དེ་རིང་ནི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་ཉེར་ལྔ་ཕེབས་པའི་འཁྲུངས་སྐར་ཉིན་མོ་ཡིན་པ་དང་། ཁོང་དགུང་ལོ་ ༦ ཐོག་ནས་གར་སོང་ཆ་མེད་དུ་གྱུར་རྗེས་བོད་མི་ཚོས་ཁོང་གི་འཁྲུངས་སྐར་ལ་སྲུང་བརྩི་ཞུས་ཏེ་ད་བར་ལོ་ངོ་ ༡༩ ཏག་ཏག་འཁོར་བཞིན་ཡོད།
ཕྱི་ལོ་༡༩༩༥ ཟླ་༥ ཚེས་ ༡༤ ཉིན་བོད་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་གནང་རྗེས་རྒྱ་གཞུང་གིས་ཁོང་དང་ཡབ་ཡུམ་སྐུ་འཁོར་བཅས་ནག་ཆུ་ས་གནས་ལྷ་རི་རྫོང་བཞུགས་གནས་ནས་བཙན་ཁྲིད་བྱས་པ་མ་ཟད། རྒྱལ་སྤྱིའི་ཐོག་བཙན་ཁྲིད་བྱས་པ་ཁས་ལེན་རྩ་བ་ནས་མ་བྱས་ཁར་ཕྱི་ལོ་༡༩༩༥ ཟླ་ ༡༡ ཚེས་ ༢༩ ཉིན་རྒྱ་གཞུང་གིས་ཆབ་སྲིད་དགོས་མཁོའི་དབང་གིས་རྒྱལ་མཚན་ནོར་བུ་ཟེར་བའི་བོད་ཀྱི་བྱིས་པ་ཞིག་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་དུ་ངོས་འཛིན་བྱས་ཡོད།
སྤྱི་ལོ་༡༩༩༦ ཟླ་༥ ཚེས་ ༡༤ ཉིན་རྒྱལ་སྤྱིའི་གནོན་ཤུགས་འོག་རྒྱ་གཞུང་གིས་༸པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་ཕ་མའི་རེ་བ་ལྟར་ཁ་བྲལ་རིང་ལུགས་པས་ཁོང་བཙན་ཁྲིད་བྱེད་རྒྱུའི་ཉེན་ཁ་ཡོད་པར་ཕྲུ་གུ་དཀྱུས་མ་ཞིག་གི་བདེ་འཇགས་ཆེད་ང་ཚོས་སྲུང་སྐྱོབ་བྱེད་བཞིན་ཡོད་སྐོར་བརྗོད་ཡོད། གལ་ཏེ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་བྱིས་པ་དཀྱུས་མ་ཞིག་ཡིན་ན་དེ་ལ་རྒྱ་གཞུང་གིས་གསང་བའི་བཀག་ཉར་རྒྱུན་རིང་བྱེད་དགོས་དོན་མེད་ལ་བྱིས་པ་དཀྱུས་མ་ཞིག་གི་ཆེད་རྒྱལ་སྤྱིའི་ཐོག་རྫུམ་དང་གཡོ་སྒྱུ་ཁྲབ་དོན་མེད།
༸པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་གྱུར་བ་དེས་རྒྱ་གཞུང་གི་བོད་པའི་ཆོས་དང་རིག་གཞུང་ལ་རྡོག་རོལ་རྩིས་མེད་བཏང་གི་ཡོད་པ་གསལ་པོ་བསྟན་ཡོད་ལ་དམིགས་བསལ་རྒྱ་གཞུང་གིས་བོད་པའི་ནང་ཆོས་དེ་ཆབ་སྲིད་ཐོག་བེད་སྤྱོད་བྱེད་རྒྱུ་ཡིན་པ་གསལ་པོ་རེད། ཕྱི་ལོ་༢༠༠༧ ལོར་རྒྱ་གཞུང་གིས་༼སྒྲིག་གཞི་ཨང་ལྔ་པ་༽ཟེར་བ་ཞིག་བཏོན་པའི་ནང་ནང་ཆོས་ཀྱི་བྱེད་སྒོའི་རིགས་ཐ་དག་དང་བླ་མ་ངོས་འཛིན་རིགས་སོགས་རྒྱ་གཞུང་གི་སྟངས་འཛིན་འོག་འགྲོ་དགོས་པས་ལས་རང་འཚམས་ཀྱི་སྤེལ་ན་ཁྲིམས་འགལ་ཡིན་ལུགས་འཁོད་ཡོད་པར། རྒྱལ་སྤྱིའི་གཞུང་དང་ཚོགས་སྡེ་སྒེར་པ་སོགས་ཀྱིས་དེའི་ཐད་ལ་སེམས་ཚབ་ཆེན་པོ་བྱེད་བཞིན་ཡོད་པ་དང་། ལྷག་པར་བོད་ཀྱི་ཆོས་དད་རང་དབང་དང་རིག་གཞུང་སོགས་ལ་རྒྱ་གཞུང་ནས་རྡོག་རོལ་ཚབས་ཆེན་གཏོང་བཞིན་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད།
ཕྱི་ལོ་༢༠༠༥ ལོར་༸པཎ་ཆེན་རིན་པོ་ཆེ་གར་སོང་ཆ་མེད་དུ་གྱུར་ཏེ་མི་ལོ་༡༠ འཁོར་བའི་དུས་དྲན་ཉིན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་ཆོས་དད་རང་དབང་ཐོག་དམིགས་བསལ་སྐུ་ཚབ་ནས་རྒྱ་གཞུང་ལ་བཏང་བའི་ཡི་གེའི་ནང་༸པཎ་ཆེན་རིན་པོ་ཆེ་མུ་མཐུད་བཀག་ཉར་བྱས་པ་དེས། བོད་པའི་ཆོས་དད་རང་དབང་ཐོག་ཐེ་བྱུས་ཧ་ཅང་གི་ཆེན་པོ་བྱས་པ་དང་བོད་པའི་སྲོལ་རྒྱུན་ལྟར་ཆོས་ཕྱོགས་ཀྱི་བྱེད་སྒོ་སྤེལ་བའི་ཐོབ་ཐང་ཡོད་པ་རེད་ཟེར་འཁོད་ཡོད། དེ་བཞིན་༡༩༨༡ ལོར་རྒྱལ་ཚོགས་ཀྱི་གྲོས་ཚོགས་ཐོག་ཆོད་དད་རང་དབང་དང་འབྲེལ་བའི་གསལ་སྒྲགས་ཤིག་སྤེལ་བའི་ནང་སོ་སོའི་ཡུལ་ལུང་གང་གི་ནང་སྲོལ་རྒྱུན་གྱི་ཆོས་ཕྱོགས་མཛད་སྒོ་དང་བླ་མ་ངོས་འཛིན་བྱེད་སྟངས་སོགས་ཀྱི་ཐོབ་ཐང་ཡོད་ཟེར་གསལ་པོར་གནང་ཡོད།
བོད་ཀྱི་ནང་ཆོས་ཐོག་ནས་བླ་མ་དང་སྤྲུལ་སྐུ་ངོས་འཛིན་གནང་ཡས་གལ་ཆེན་པོ་ཡིན་ལ། བོད་པའི་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་ལའང་གལ་འགངས་ཆེན་པོ་ཆགས་ཡོད་པ་རེད། རྒྱ་གཞུང་གིས་བོད་ནང་གི་བོད་མིའི་ཆོས་དད་རང་དབང་དང་ཡུལ་སྲོལ་སོགས་རྡོག་རོལ་ཚབས་ཆེན་བཏང་དང་གཏོང་བཞིན་པར་ལྟེ་གནས་ཁང་ནས་སེམས་ཚབ་ཆེན་པོས།༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་གཙོས་པའི་གར་སོང་ཆ་མེད་དུ་གྱུར་བའི་བོད་མིའི་ཆབ་སྲིད་བཙོན་པ་རྣམས་གང་མྱུར་གློད་ཀྲོལ་ཡོང་བའི་རྒྱལ་སྤྱིའི་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་ནས་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ།