༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་གྱུར་ནས་མི་༢༢་དང་རྒྱ་གཞུང་གི་ཁུ་སིམ། ཆབ་སྲིད་བཙོན་པ་ཐད་ཀྱི་དམིགས་བསལ་སྙན་ཐོ།

དེ་རིང་ནི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རང་ལོ་ ༢༨ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ཡིན་ལ། དེ་བཞིན། རྒྱ་གཞུང་གིས་༸ཁོང་དང་ཁོང་གི་ཡབ་ཡུམ་སྐུ་འཁོར་དང་བཅས་གཞིས་ཀ་ནས་བཙན་འཁྲིད་ཀྱིས་གར་སོང་ཆ་མེད་གྱུར་མི་ལོ་༢༢ འཁོར་ཅིང་། ༧ཁོང་ནི་འཛམ་གླིང་སྟེང་གར་སོང་ཆ་མེད་གྱུར་རིང་ཤོས་སྟེ་ཆགས་ཡོད། རྒྱ་གཞུང་ལ་མཚོན་ན་དེ་ནི་གསང་རྒྱ་ཆེ་ཤོས་ཤིག་ཀྱང་ཆགས་ཡོད་དེ། འདིའི་ཐད་ཀྱི་གནས་ཚུལ་གསར་ཤོས་ནི་བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་ལས་བྱེད་ནོར་བུ་དོན་གྲུབ་ཟེར་བས། ཕྱི་ལོ་༢༠༡༥ཟླ་༩ཚེས་༦ ཉིན། གསར་འགོད་པའི་འདྲི་བ་དང་བསྟུན་ནས། ཁོང་གིས༧པཎ་ཆེན་རིན་པོ་ཆེ་ཡིས་མུ་མཐུད་སློབ་སྦྱོང་གནང་བཞིན་པ་དང་། བདེ་ཐང་རེད། མི་ཚེ་དཀྱུས་མ་ཞིག་བསྐྱལ་བཞིན་པ་རེད་ཅེས་ལན་སྐྱོན་པ་ཙམ་ལས། དེ་མིན་ལས་གནས་ཚུལ་གསལ་ཁ་གང་མང་བཟོས་མེད། ཡིན་ན་ཡང་། རྒྱལ་སྤྱིའི་བདའ་འདེད་དང་འདྲི་བརྩད་ལ་གསལ་ཁ་མེད་ཅིང་མག་མོག་གི་སྐད་ཆ་དེ་ནི་བོད་ཀྱི་ཆོས་ཀྱི་དབུ་འཁྲིད་ཅིག་གར་སོང་ཆ་མེད་དུ་གྱུར་བའི་ཡ་ལན་མིན་པར་གཡོ་ཟོལ་ཙམ་དུ་སོང་ཡོད་པ་ཡིན།

མི་ལོ་༢༢རིང་གར་སོང་ཆ་མེད་དུ་གྱུར་བ།

༸པཎ་ཆེན་རིན་པོ་ཆེ་མཆོག་མུ་མཐུད་བཀག་ཉར་གསང་སྦས་བྱས་པ་དེས། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་དོ་ཁུར་གང་ཡང་མེད་པར། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་རྡོག་རོལ་གཏོང་བཞིན་པ་གསལ་བོར་བསྟན་ཡོད། སྤྱིར་གར་སོང་ཆ་མེད་དུ་གྱུར་བ་ནི་ཁྲིམས་འགལ་གྱི་ཉེས་སྤྱོད་ཅིག་ཆགས་ཡོད། དེའི་རྒྱུ་མཚན་ནི་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་དེས། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་བརྡལ་བཤིག་གཏོང་བཞིན་ཡོད་དེ། འགྲོ་བ་མིའི་གཞི་རྩའི་བདེ་འཇགས་དང་ཆེ་མཐོང་གི་ཐོབ་ཐང་། མི་སྤྱོད་ལས་འདས་པའི་མནར་གཅོད་མྱོང་མི་དགོས་པའི་རང་དབང་། འཛིན་བཟུང་བཀག་ཉར་སྐབས་མིའི་འདུ་ཤེས་འཛིན་དགོས་པའི་ཐོབ་ཐང་། ཁྲིམས་གཏུགས་ཀྱི་ཐོབ་ཐང་། དྲང་བདེན་ཁྲིམས་གཅོད་ཀྱི་ཐོབ་ཐང་། ཁྱིམ་ཚང་དང་ཚེ་སྲོག་གི་ཐོབ་ཐང་སོགས་རྡོག་རོལ་གཏོང་བཞིན་ཡོད།

རྒྱ་གཞུང་གི་ <<རྩ་ཁྲིམས>> དོན་ཚན་ ༣༤ པའི་ནང་རང་ལོ་ ༡༨ ལ་སོན་པའི་ན་གཞོན་སུ་ཞིག་ཡིན་ཡང་། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྟེ་ཆོས་དད་རང་དབང་དང་། ལས་རིགས་གཉེར་བའི་རང་དབང་། ཤེས་ཡོན་གྱི་ཐོབ་ཐང་སོགས་ལོངས་སྤྱོད་ཀྱི་ཁེ་དབང་ཆ་ཚང་ཡོད་པ་འཁོད་ཡོད། ཡིན་ནའང་། རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མུ་མཐུད་བཀག་ཉར་གསང་སྦས་བྱས་པ་དེས། རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་ཀྱང་རྡོལ་རོལ་བཏང་ཡོད་པ་གསལ་པོ་རེད། ད་ལྟ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་གཞན་གྱི་བྱ་རའི་འོག་སྡོད་དགོས་པའི་བྱིས་པ་ཞིག་མ་ཡིན་པར། རང་ལོ་ ༢༨ སོན་པའི་གཞོན་ནུ་དར་མ་ཞིག་ཆགས་ཡོད་སྟབས། རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་གཞིར་བཟུང་ལྟར། རྒྱ་གཞུང་གིས་བརྗོད་པའི་བདེ་འཇགས་སྲུང་སྐྱོབ་ཅེས་པའི་ཁག་དཀྲིའི་འོག་བཀག་ཉར་བྱེད་ཆོག་གི་མེད། རྒྱ་གཞུང་གི་རྩ་ཁྲིམས་གཞིར་བཟུང་བྱས་ན་༸པཎ་ཆེན་རིན་པོ་ཆེ་མཆོག་མི་སེར་དཀྱུས་མ་ཞིག་ནང་བཞིན་རང་དབང་ཐོག་གནས་བསྡད་དང་འཚོ་བ་རོལ་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་དགོས་ངེས་ཤིག་རེད།

ཆབ་སྲིད་བཙོན་པ་ཐད་ཀྱི་དམིགས་བསལ་སྙན་ཐོ།

བོད་ནང་དུ་མུ་མཐུད་དུ་ཆབ་སྲིད་བཙོན་པའི་གྲངས་ཀ་མུ་མཐུད་འཕར་མུས་སུ་ཡིན་པ་བཞིན། འདི་ག་ལྟེ་གནས་ཁང་གིས་དེ་སྔའི་༢༠༠༦ལོའི་སྙན་ཐོ་ལ་ཁ་སྣོན་ལྟ་བུ། ཆབ་སྲིད་བཙོན་པ་ཐད་ཀྱི་གནས་ཚུལ་ཞིག་དབྱིན་ཡིག་ཕྱོགས་སྒྲིག་གིས་པར་སྐྲུན་བྱས་པ་བརྒྱུད། རྒྱ་གཞུང་གིས་བོད་ས་བཙན་འཛུལ་བྱས་པ་ནས་ད་ལྟའུ་བར་གྱི་བོད་མི་ཆབ་བཙོན་རྣམས་ཀྱི་ཛ་དྲག་གནས་བབ་ལ་རོབ་ལྟ་བྱས་ཐུབ་པའི་རེ་བ་གཏད་ཅིང་། ལྷག་པར་སྙན་ཐོ་འདིའི་ནང་དུ་ཆབ་སྲིད་བཙོན་པར་ཚུལ་མིན་གྱི་མནར་གཅོད་དང་སྡུག་སྦྱོང་གཏོང་སྟངས་གསལ་འདོན་གྱིས་མིན་ལ་མ་ལྟོས་པར། རྒྱ་གཞུང་གིས་ད་ལྟ་བར་ཆབ་སྲིད་བཙོན་པ་འཇུ་བཟུང་བྱས་པར་ཁས་མི་ལེན་པར། དེ་བས་ནག་ཉེས་ཅན་ཁོ་ན་འཛིན་བཟུང་བཙོན་འཇུག་བྱེད་ཀྱིན་ཡོད་པ་བཤད་ཀྱི་ཡོད། རྒྱ་གཞུང་གིས་དེ་ལྟར་བོད་མི་ཆབ་སྲིད་བཙོན་པར་ནག་ཉེས་ཀྱི་ཐེམ་རྟགས་རྒྱབ་པར་འདི་ག་ལྟེ་གནས་ཁང་གིས་ངོ་རྒོལ་དང་སྦྲགས། བོད་མི་ཆབ་སྲིད་ཀྱི་རང་གི་རྣམ་དཔྱོད་དང་རིག་ཤེས་སྤྱད་ནས་རང་གི་མི་རིགས་ལ་སྨན་པའི་ལས་དོན་བྱས་པ་ཞིག་ཡིན་པའི་ངོས་འཛིན་དང་། ལྷག་པར་དེང་འདིར་རྒྱལ་སྤྱི་དང་རྒྱལ་ནང་རང་བཞིན་གྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་གྱི་གཞུང་སྒེར་གང་མང་ཞིག་འཕེལ་བཞིན་ཡོད་མིན་ལ་མ་ལྟོས་པར། གང་མང་ཞིག་རང་གི་ལྟ་ཚུལ་དང་འཚེ་བ་མེད་པའི་བྱེད་ཐབས་སོགས། རྒྱལ་ཚོགས་ཀྱི་ཁྲིམས་སྒྲིག་ཁག་ཏུ་གསལ་བའི་རང་དབང་དང་ཐོབ་ཐང་གང་ཞིག་སྤྱད་ནས། ངོ་རྒོལ་འདུ་འཛོམས་སོགས་བྱས་པ་ཙམ་གྱིས། རྒྱ་གཞུང་གིས་བསྟུད་མར་སུན་གཙེར་དང་སྡིགས་ར། ཐ་ན། འཇུ་བཟུང་བཙོན་འཇུག་སོགས་འཐེབ་མུས་སུ་ཡོད། མདོར་ན། ཆབ་སྲིད་བཙོན་པ་ནི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་མཁན་ཞིག་ཡིན་པ་བཙོན་འཇུག་བྱས་པ་ཆགས་ཡོད་ཅེས་ཡོངས་གྲགས་ངོས་འཛིན་བྱས་ཡོད་ལ། འདིའི་ཐད་ལ་འགྲོ་བ་མིའི་ཐོབ་ཐང་བྱེད་མཁན་གྱིས་ཚོགས་སྡེ་གང་མང་ཞིག་གིས་མཉམ་ལས་དང་། ཆ་རྐྱེན་གང་ཡང་མེད་པར་ཆབ་བཙོན་རྣམས་གློད་གྲོལ་གཏོང་དགོས་པའི་དགོས་འདུན་འདོན་མུས་སུ་ཡོད།

རྒྱ་གཞུང་གིས་དུས་རྒྱུན་བོད་མི་འཇུ་བཟུང་བྱས་པའི་རྒྱུ་རྐྱེན་གང་ཞིག་གྲངས་ཀྱི་ཡོད་ཀྱང་། ཡོངས་གྲགས་ནི་༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་ཉར་བ་དང་བྲིས་པ། ཁོར་ཡུག་སྲུང་སྐྱོབ་ཀྱི་སྐད་རྒྱབ་པ་ཙམ་གྱི། རང་བསྲེགས་ལ་བརྒྱུད་སྐུལ་དང་། མེར་བསྲེགས་གཏོང་འཆར་སོགས་ཀྱི་ཉེས་འགེལ་དང་སྦྲགས། ངོ་རྒོལ་འཛུ་འཛོམས་དང་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཅི་རིགས་ལ་དྲག་གནོན་བྱ་རྐྱང་བྱེད་ཀྱི་ཡོད་པ་ཡིན།

འདི་ག་ལྟེ་གནས་ཁང་གིས་རྒྱ་གཞུང་ལ། ཆ་རྐྱེན་གང་ཡང་མེད་པར་མ་ཉེས་ཁ་གཡོག་འོག་འཇུ་བཟུང་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཆ་རྐྱེན་གང་ཡང་མེ་ད་པར་གློད་གྲོལ་གྱིས་མུ་མཐུད་སློབ་གཉེར་བྱེད་འདོད་མཁན་ལ་སློབ་གཉེར་དང་། སྨན་བཅོས་དགོས་མཁན་ལ་ཕྱི་རྒྱལ་སོགས་སུ་སྨན་བཅོས་ཆེད་འགྲོ་རུ་བཅུག་དགོས་པ།  གློད་གྲོལ་རྗེས་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པའི་རིགས་གཏན་མི་ཆོག་ཅེས་ནན་སྐུལ་ཞུ་ཡི་ཡོད།

གནས་ཚུལ་གྱི་རྒྱབ་ལྗོངས།

ཕྱི་ལོ་༡༩༩༥ཟླ་༥་༡༤ཉིན། བོད་ཀྱི་བླ་མ་མེད་པའི་དབུ་འཁྲིད་སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པ་མཆོག་གིས་༸པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡོང་དུ་ངོས་འཛིན་ཀྱིས་གསལ་བསྒྲགས་གནང་རྗེས། ཕྱི་ཉིན་༡༥ཉིན། རྒྱ་གཞུང་གིས་༸གོང་ས་མཆོག་གིས་ངོས་འཛིན་གནང་བའི་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་ངོས་འཛིན་དང་ཁས་ལེན་མེད་རབས་ཀྱི་གསལ་བསྒྲགས་སྐྱོང་བ་མ་ཟད། ཕྱི་ཚེས་༡༧ཉིན་༸པཎ་ཆེན་རིན་པོ་ཆེ་དང་༸ཁོང་གི་ཡབ་ཡུམ་འཁོར་དང་བཅས་ནག་ཆུ་ས་གནས་ལྷ་རི་རྫོང་བཞུགས་གནས་ནས་བཙན་འཁྲིད་བྱས་མ་ཟད། ལོ་དེའི་ཕྱི་ཟླ་༡༡ཚེས་༢༩ཉིན་རྒྱ་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོ་ཁོ་ནའི་དབང་གིས་རྒྱལ་མཚན་ནོར་བུ་ཟེར་བའི་བོད་མི་ཕྲུ་གུ་ཞིག་༸པཎ་ཆེན་སྐུ་ཕྲེང་བཅུ་བའི་ཡོང་སྲིད་དུ་ངོས་འཛིན་དང་བསྐོ་བཞག་བྱས།

རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་ཡི་ཡོང་སྲིད་ཐུགས་ཐག་ཆད་པའི་ཐད་ལ། བོད་ཕྱི་ནང་གཉིས་ནས་བསྟུད་མར་ངོ་རྒོལ་དང་། ལྷག་པར་རྒྱལ་སྤྱིའི་གནོན་ཤུགས་འོག ཕྱི་ལོ་༡༩༩༦ཟླ་༥ཚེས་༡༤ཉིན། རྒྱ་གཞུང་གིས་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་ཕ་མའི་རེ་བ་ལྟར། ཁ་བྲལ་རིང་ལུགས་པས་༸ཁོང་བཙན་འཁྲིད་བྱ་རྒྱའི་ཉེན་ཁ་ཡོད་པར་བརྟེན། ཕྲུ་གུ་དཀྱུས་མ་ཞིག་གི་བདེ་འཇགས་ཆེད་ང་ཚོས་སྲུང་སྐྱོབ་བྱེད་བཞིན་ཡོད་སྐོར་བརྗོད་ཡོད་ལ། ཡང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་མུ་མཐུད་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་བཅས་ཀྱི་གནད་སྟངས་སྐོར་ནས་དྲི་བརྩད་མང་པོ་བྱས་ནས་སུན་གཙེར་བྱས་རྐྱེན། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༦ ཉིན། བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་ནོར་བུ་དོན་འགྲུབ་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་ “སློབ་སྦྱོང་བྱེད་མུས་ཡིན་པ། བདེ་ཐང་ངང་འཚར་ལོངས་དང་རྒྱུན་ལྡན་གྱི་འཚོ་བ་རོལ་བཞིན་ཡོད་པ། ཁོང་གིས་དཀའ་རྙོག་བར་ཆད་གང་ཡང་མྱོང་འདོད་མེད།” སྐོར་ཙམ་ལས། དོན་དངོས་ཐོག་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་བཅས་ཀྱི་ད་ལྟའི་གནས་སྟངས་དང་། ཁོང་རྣམས་གར་ཡོད་གང་གནས་ཀྱི་གནས་ཚུལ་སོགས་རྩ་བ་ནས་འགྲེལ་བརྗོད་བྱས་མེད་པ་རེད།

ཡང་རྒྱ་གཞུང་གིས་ནམ་རྒྱུན་ཁུངས་ལྡན་ཡིད་ཆེས་འཕེར་བའི་བདེན་དཔང་གང་ཡང་སྟོན་རྒྱུ་མེད་པར། ༸པཎ་ཆེན་རིན་པོ་ཆེ་མཆོག་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་ཡོད་ལུགས་བཤད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གླེང་སློང་དང་གནོན་ཤུགས་ལ་གཡོལ་ཐབས་བྱེད་ཀྱིན་ཡོད། དེ་སྔོན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཀྱང་། ༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཐད་ཀར་ཐུགས་འཕྲད་ཡོང་རྒྱུར་འབོད་སྐུལ་རིམ་པར་ཞུས་ཡོད་ཀྱང་རྒྱ་གཞུང་གིས་ཁས་ལེན་རྩ་བ་ནས་བྱས་མེད།

ཡང་ཆོས་མེད་སྨྲ་བའི་རྒྱ་ནག་དམར་པོ་སྲིད་གཞུང་གིས། ཕྱི་ལོ་༢༠༠༧ནང་གཏན་འབེབས་དང་། ལོ་དེའི་ཕྱི་ཟླ་༩ཚེས་༡ནས་ལག་བསྟར་བྱས་པའི་<<བོད་རྒྱུད་ནང་བསྟན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་བྱེད་ཐབས་རྒྱལ་ཁབ་ཆོས་ལུགས་ལས་དོན་ཅུས་ཀྱི་བཀའ་ཨང་ལྔ་པ་>>ཞེས་ཐད་ཀར་བོད་རྒྱུད་ནང་བསྟན་ཆོས་ལུགས་སུ་གསལ་བའི་སྤྲུལ་སྐུ་ལམ་ལུགས་ལ་ཐེ་བྱུས་དང་བཏང་འཛིན་བྱས་མགོ་ཚུགས་ཡོད། དེ་ནི་སྲིད་གཞུང་ཞིག་གིས་རྒྱལ་འབངས་ཀྱི་ཆོས་དད་དང་དད་མོས་རང་དབང་དེ་ཉིད་སྲིད་དོན་གྱི་དགོས་མཁོ་ཁོ་ནར་བདེ་སྤྱོད་དང་དོ་དམ་བྱས་པའི་སྨྱོན་ཧམ་ཞིག་ཆགས་ཡོད་ལ། ལྷག་པར་ཕྱི་ལོ་༢༠༡༦ཟླ་༡ཚེས་༡༨ཉིན། རྒྱ་གཞུང་གི་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཟེར་བའི་ངོས་ནས། <<བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་>>ཟེར་བ་ཞིག་བཟོས་ཏེ། བོད་ནང་གི་སྤྲུལ་སྐུའི་ངོས་འཛིན་གྱི་སྤྲུལ་སྐུའི་དཔང་ཡིག་ཟེར་བ་སྤྲད་པ་དང་། སྤྲུལ་སྐུའི་གྲངས་འབོར་ལ་རྒྱ་གཞུང་གིས་ཐད་ཀར་དོ་དམ་ཚད་བཀག་བཟོས་པར་བརྟེན། བཙན་བྱོལ་དུ་བཞུགས་པའི་༸གོང་མ་མཆོག་ཡིད་བཞིན་ནོར་བུ་མཚོན་པའི་ཆོས་རྒྱུད་ཁག་གིས་བླ་ཆེན་རྣམས། མ་ལག་དེ་ལྟར་ན་སྤྲུལ་སྐུ་མིན་པའམ་ངོས་འཛིན་ཆ་འཇོག་མེད་པའི་ཡིན།

མདོར་ན། རྒྱ་གཞུང་གིས་སྔ་ཕྱི་རུ་ཆོས་ཕྱོགས་ཀྱི་བྱེད་སྒོ་དང་འབྲེལ་བའི་སྒྲིག་གཞི་དང་ཡིག་ཆ་གང་མང་བཟོས་པའི་དམིགས་ཡུལ་ནི། ཆོས་ཕྱོགས་ཀྱི་མི་སྣ་གལ་ཆེན་རྣམས་ལ་སྟངསའཛིན་ཐོག བོད་ཀྱི་དགོན་སྡེ་ཁག་ནི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་རྒྱ་གཞུང་གི་ཆབ་སྲིད་སློབ་གསོ་སྤེལ་ཡུལ་ཞིག་ཏུ་བསྒྱུར་ཐབས་དང་། བོད་རིགས་དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་ཀྱིན་ཡོད་པ་ཡིན།

སྤྱིར་སྤྲུལ་སྐུ་ངོས་འཛིན་ཞེས་པ་ནི་གོང་རིམ་གྱིས་བསྐོ་གཞག་གམ། མང་ཚོགས་ཀྱིས་འདེམས་སྒྲུག ཡང་ན་གདན་ཐོབ་དང་གོ་གནས་སྦྱིན་པ་ལྟ་བུ་མ་ཡིན་པར་སྐུ་གོང་མ་དེ་ཉིད་སླར་ཡང་སྐྱེ་བ་གང་དུ་བཞེས་པ་དེ་འཚོལ་སྒྲུག་བྱེད་རྒྱུ་ཡིན་པས། དེ་ནི་སྤྲུལ་སྐུ་རང་ཉིད་ཀྱིས་སྔོན་གནས་རྗེས་དྲན་གྱི་དན་རྟགས་དང་། མངོན་ཤེས་ཅན་གྱི་བླ་མའམ་ལྷ་སྲུང་། ཡང་ན་ཆོས་ཕྱོགས་ཀྱི་བརྟག་དཔྱད་བྱ་བའི་ཐབས་ལམ་གཞན་དག་གི་བརྒྱུད་ནས་ངོས་འཛིན་བྱ་རྒྱུ་མ་གཏོགས། རྒྱ་གཞུང་གིས་དགོས་པ་རྒྱུ་མཚན་བྱེ་བྲག་ཅིག་དབང་གིས་ཐག་ཆོད་ཆོག་པ་ཞིག་གཏན་ནས་མིན། དེ་བས་རྒྱ་གཞུང་གི་བྱེད་བབ་དེ་ནི་བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་བོད་མིའི་ངོ་བོ་རྩ་གཏོར་དང་། བོད་ཀྱི་སྣོད་བཅུད་གཉིས་ཀ་རྩ་བརླག་ཏུ་གཏོང་ཐབས་ཀྱི་མི་སེར་སྤེལ་བའི་དབང་བསྒྱུར་གྱི་རྔམ་གནག་སྲིད་ཇུས་ཤིག་ཆགས་ཡོད།

ཡང་རྒྱ་གཞུང་གིས་དུས་རྒྱུན་རྒྱལ་སྤྱིའི་སྒང་། བོད་ནང་དགོན་སྡེ་དང་གྲྭ་བཙུན་གྱི་གྲངས་འབོར་མང་པོ་ཡོད་པ་དང་། དགོན་པའི་འཛུགས་བསྐྲུན་དང་གྲྭ་བཙུན་གྱི་མཐུན་རྐྱེན་ལེགས་པོ་ཡོད་པ། བོད་ཀྱི་ཆོས་དང་རིག་གཞུང་སྔར་ལྷག་ཡར་རྒྱས་བཏང་ཡོད་པ། བོད་རིགས་དད་ལྡན་མང་ཚོགས་ལ་ཆོས་དད་རང་དབང་ཡོད་སྐོར་དྲིལ་བསྒྲགས་བྱེད་ཀྱིན་ཡོད་མོད། དོན་དངོས་ཐོག་སྔར་ལོ་ནས་གསེར་རྟ་བླ་རུང་གཏོར་བཤིག་དང་གྲྉ་བཙུན་ཕྱིར་ཕུད་མཚོན། བོད་ཀྱི་དགོན་སྡེ་ཁག་ནང་ངོ་ལོ་སྟོང་ཕྲག་རིང་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་འོངས་པའི་དགོན་མ་ལག་གི་འབྲེལ་བ་དང་བླ་སློབ་ཀྱི་དམ་ཚིག དབང་ལུང་མན་ངག་གི་བརྒྱུད་པ་དང་ཆོས་བསླབ་པ་སློབ་གཉེར་གྱི་ལམ་སྲོལ་མཐའ་དག་རྩ་གཏོར་བཏང་སྟེ་ཕྱི་ཚུལ་གྱི་རྣམ་པ་ཙམ་དུ་བསྒྱུར་ཡོད། རྒྱ་གཞུང་གི་བོད་ཀྱི་བླ་སྤྲུལ་ངོས་འཛིན་ལ་ཐེ་ཇུས་དང་དགོན་སྡེ་ཁག་གི་ཆོས་སྤྱོད་ལ་སྟངས་འཛིན། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་རང་དབང་ལ་རྩ་གཏོར་གྱི་བྱ་སྤྱོད་འདི་རིགས་ནི། རྒྱལ་སྤྱིའི་ཁྲིམས་སྒྲིག་དང་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་ལ་རྒྱབ་འགལ་གྱི་ཉེས་སྤྱོད་ཞིག་ཆགས་ཡོད།

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས།
ཕྱི་ལོ་༢༠༡༧/༤/༢༥ཉིན།

to top