༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་མུ་མཐུད་གར་སོང་ཆ་མེད་ཀྱི་བྱེད་བབ་མཚམས་འཇོག་བྱ་དགོས།

11th_PanchenLama fullད་ལྟ་རང་ལོ་ ༢༧  ལ་ཕེབས་པའི་༸པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་ཁྲིད་ཀྱིས་མུ་མཐུད་གར་སོང་ཆ་མེད་གྱུར་ཡོད་པའི་གནས་སྟངས་དེ་རྒྱ་གཞུང་གིས་མཚམས་འཇོག་བྱས་ཏེ།  བོད་མིའི་ཆོས་ཀྱི་དབུ་ཁྲིད་ཁོང་འཕྲལ་དུ་ཀློད་གྲོལ་གཏོང་དགོས།

དེ་རིང་ནི་༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་རང་ལོ་ ༢༧ ཕེབས་པའི་སྐུའི་འཁྲུངས་སྐར་ཉིན་མོ་ཡིན་ལ། དེ་བཞིན། ༸པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་།  ཁོང་གི་ཡབ་ཡུམ་ནང་མི་དང་བཅས་པ་གར་སོང་ཆ་མེད་དུ་གྱུར་ནས་མི་ལོ་ ༢༡ འགྲོ་བཞིན་ཡོད།

རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མཆོག་དགོང་ལོ་ ༦ གི་སྟེང་འཁྲུངས་གཞིས་ནས་ཡབ་ཡུམ་ནང་མི་དང་བཅས་པ་བཙན་ཁྲིད་བྱས་ཡོད་ལ། རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་བཅས་ཀྱི་གནད་སྟངས་སྐོར་ནས་དྲི་བརྩད་མང་པོ་བྱས་ཡོད། འོན་ཀྱང་། ཕྱི་ལོ་ ༢༠༡༥ ཟླ་ ༩ ཚེས་ ༦ ཉིན། བོད་རང་སྐྱོང་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་ལས་བྱེད་ནོར་བུ་དོན་འགྲུབ་ཀྱིས་གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ༧པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གིས་ “སློབ་སྦྱོང་བྱེད་མུས་ཡིན་པ། བདེ་ཐང་ངང་འཚར་ལོངས་དང་རྒྱུན་ལྡན་གྱི་འཚོ་བ་རོལ་བཞིན་ཡོད་པ། ཁོང་གིས་དཀའ་རྙོག་བར་ཆད་གང་ཡང་མྱོང་འདོད་མེད།” སྐོར་ཙམ་ལས། དོན་དངོས་ཐོག་༧པཎ་ཆེན་རིན་པོ་ཆེ་མཆོག་དང་ཁོང་གི་ཡབ་ཡུམ་ནང་མི་བཅས་ཀྱི་ད་ལྟའི་གནས་སྟངས་དང་། ཁོང་རྣམས་གར་ཡོད་གང་གནས་ཀྱི་གནས་ཚུལ་སོགས་རྩ་བ་ནས་འགྲེལ་བརྗོད་བྱས་མེད་པ་རེད།

རྒྱ་གཞུང་གིས་ནམ་རྒྱུན་ཁུངས་ལྡན་ཡིད་ཆེས་འཕེར་བའི་བདེན་དཔང་གང་ཡང་སྟོན་རྒྱུ་མེད་པར། ༸པཎ་ཆེན་རིན་པོ་ཆེ་མཆོག་བདེ་ཐང་ངང་འཚར་ལོངས་འབྱུང་བཞིན་ཡོད་ལུགས་བཤད་དེ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་གླེང་སློང་དང་གནོན་ཤུགས་ལ་གཡོལ་ཐབས་བྱེད་ཀྱིན་ཡོད། དེ་སྔོན་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ནས་ཀྱང་། ༸པཎ་ཆེན་རིན་པོ་ཆེ་མཆོག་དང་ཐད་ཀར་ཐུགས་འཕྲད་ཡོང་རྒྱུར་འབོད་སྐུལ་རིམ་པར་ཞུས་ཡོད་ཀྱང་རྒྱ་གཞུང་གིས་ཁས་ལེན་རྩ་བ་ནས་བྱས་མེད།

༸པཎ་ཆེན་རིན་པོ་ཆེ་མཆོག་མུ་མཐུད་བཀག་ཉར་གསང་སྦས་བྱས་པ་དེས།  རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཐད་དོ་ཁུར་གང་ཡང་མེད་པར། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་རྡོག་རོལ་གཏོང་བཞིན་པ་གསལ་བོར་བསྟན་ཡོད། སྤྱིར་གར་སོང་ཆ་མེད་དུ་གྱུར་བ་ནི་ཁྲིམས་འགལ་གྱི་ཉེས་སྤྱོད་ཅིག་ཆགས་ཡོད། དེའི་རྒྱུ་མཚན་ནི་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་དེས། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ཁག་ལ་བརྡལ་བཤིག་གཏོང་བཞིན་ཡོད་དེ། འགྲོ་བ་མིའི་གཞི་རྩའི་བདེ་འཇགས་དང་ཆེ་མཐོང་གི་ཐོབ་ཐང་། མི་སྤྱོད་ལས་འདས་པའི་མནར་གཅོད་མྱོང་མི་དགོས་པའི་རང་དབང་། འཛིན་བཟུང་བཀག་ཉར་སྐབས་མིའི་འདུ་ཤེས་འཛིན་དགོས་པའི་ཐོབ་ཐང་། ཁྲིམས་གཏུགས་ཀྱི་ཐོབ་ཐང་། དྲང་བདེན་ཁྲིམས་གཅོད་ཀྱི་ཐོབ་ཐང་། ཁྱིམ་ཚང་དང་ཚེ་སྲོག་གི་ཐོབ་ཐང་སོགས་རྡོག་རོལ་གཏོང་བཞིན་ཡོད།

རྒྱ་གཞུང་གི་ <<རྩ་ཁྲིམས>> དོན་ཚན་ ༣༤ པའི་ནང་རང་ལོ་ ༡༨ ལ་སོན་པའི་ན་གཞོན་སུ་ཞིག་ཡིན་ཡང་།  འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་སྟེ་ཆོས་དད་རང་དབང་དང་། ལས་རིགས་གཉེར་བའི་རང་དབང་། ཤེས་ཡོན་གྱི་ཐོབ་ཐང་སོགས་ལོངས་སྤྱོད་ཀྱི་ཁེ་དབང་ཆ་ཚང་ཡོད་པ་འཁོད་ཡོད། ཡིན་ནའང་། རྒྱ་གཞུང་གིས་༸པཎ་ཆེན་རིན་པོ་ཆེ་མུ་མཐུད་བཀག་ཉར་གསང་སྦས་བྱས་པ་དེས།  རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་ཀྱང་རྡོལ་རོལ་བཏང་ཡོད་པ་གསལ་པོ་རེད། ད་ལྟ་༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་གཞན་གྱི་བྱ་རའི་འོག་སྡོད་དགོས་པའི་བྱིས་པ་ཞིག་མ་ཡིན་པར། རང་ལོ་ ༢༧ ཕེབས་པའི་དར་གཞོན་ཞིག་ཆགས་ཡོད་སྟབས། རྒྱལ་སྤྱིའི་ཁྲིམས་ལུགས་དང་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་གཞིར་བཟུང་ལྟར།  རྒྱ་གཞུང་གིས་བརྗོད་པའི་བདེ་འཇགས་སྲུང་སྐྱོབ་ཅེས་པའི་ཁག་དཀྲིའི་འོག་བཀག་ཉར་བྱེད་ཆོག་གི་མེད། རྒྱ་གཞུང་གི་རྩ་ཁྲིམས་གཞིར་བཟུང་བྱས་ན་༸པཎ་ཆེན་རིན་པོ་ཆེ་མཆོག་མི་སེར་དཀྱུས་མ་ཞིག་ནང་བཞིན་རང་དབང་ཐོག་གནས་བསྡད་དང་འཚོ་བ་རོལ་ཆོག་པའི་ཐོབ་ཐང་ཆ་ཚང་ཡོད་དགོས་ངེས་ཤིག་རེད།

སྤྱིར་སྤྲུལ་སྐུ་ངོས་འཛིན་ནི་སྐྱེས་པ་སྔ་ཕྱི་དང་ལས་འབྲས་ཁས་ལེན་པའི་ནང་པའི་ཆོས་ཀྱི་ལྟ་གྲུབ་ལ་གཞི་བཅོལ་བའི་བོད་རང་གི་ཐུན་མོང་མ་ཡིན་པའི་ལམ་ལུགས་ཤིག་སྟབས། བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་མཆོག་གིས་ངོས་འཛིན་གནང་བའི་༧དགེ་འདུན་ཆོས་ཀྱི་ཉི་མ་མཆོག་ནི་༧པཎ་ཆེན་སྐུ་ཕྲེང་བཅུ་པའི་ཡང་སྲིད་འཁྲུལ་བྲལ་ཡིན་པ་དེར་རྒྱ་གཞུང་གིས་ཆ་འཇོག་བྱེད་དགོས་ཆགས་ཡོད། ཡིན་ནའང་། རྒྱ་གཞུང་གིས་རྒྱ་ནག་དམར་གཞུང་ལ་སྤྲུལ་སྐུ་ངོས་འཛིན་ཐག་གཅོད་དབང་ཚད་ཡོད་སྐོར་དང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་བ་དེ་ནི་ཁྲིམས་འགལ་དང་རྩིས་མེད་ཡིན་པར་བརྗོད་ཀྱིན་ཡོད། སྐྱེས་བ་སྔ་ཕྱི་ཁས་མི་ལེན་ཞིང་ཆོས་དུག་ཏུ་ངོས་འཛིན་མཁན་རྒྱ་དམར་གཞུང་གིས་བོད་ཀྱི་སྤྲུལ་སྐུ་ངོས་འཛིན་ལ་ཐེ་ཇུས་བྱས་པ་དེ་ནི།  བོད་ཀྱི་ཆོས་དང་རིག་གཞུང་། ཡུལ་སྲོལ་གོམས་གཤིས་སོགས་བོད་མིའི་ངོ་བོ་རྩ་གཏོར་བཏང་སྟེ། བོད་ལ་མི་སེར་སྤེལ་བའི་དབང་བསྒྱུར་བྱ་ཐབས་ཀྱི་ཆབ་སྲིད་དགོས་མཁོ་ཁོ་ནར་དམིགས་པ་ཞིག་རེད།

རྒྱ་གཞུང་གིས་བོད་མིའི་ཆོས་དད་རང་དབང་བཙན་འཕྲོག་གི་བྱ་སྤྱོད་དེ་རིགས། ཆབ་སྲིད་ཀྱི་ངོ་བོར་བསྒྱུར་ཐབས་བྱེད་བཞིན་པ་དེ་ནི་རྩ་བ་ཉིད་ནས་ཡོངས་ཐབས་མེད་པ་ཞིག་རེད། རྒྱ་གཞུང་གིས་སྐོ་བཞག་བྱས་པའི་རྒྱལ་མཚན་ནོར་བུ་ནི་༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་དུ་བོད་རིགས་དད་ལྡན་མང་ཚོགས་ཀྱིས་ནམ་ཡང་ངོས་ལེན་ཡིད་ཆེས་བྱ་མི་སྲིད། དེ་བཞིན། ༧པཎ་ཆེན་རིན་པོ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གར་སོང་ཆ་མེད་དུ་གྱུར་བ་དེས། བོད་རིགས་དད་ལྡན་མང་ཚོགས་ཀྱི་སེམས་ཁོང་ལ་བཟོད་ཐབས་བྲལ་བའི་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་རྒྱ་གཞུང་རང་ཉིད་ལའང་མཚན་ཤས་ཀྱི་གཞི་རྩ་ཞིག་ཆགས་ཡོད། དེར་བརྟེན། ཆོས་ལ་ཆབ་སྲིད་ཀྱི་ལྷད་མ་ཞུགས་པ་ཞིག་དགོས་རྒྱུ་དེ་རྒྱ་གཞུང་གིས་ཤེས་དགོས་པ་གནད་ཆེན་པོ་རེད།

 

རྒྱ་གཞུང་གིས་ <<བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་དོ་དམ་བྱ་ཐབས>> ཞེས་པའི་སྒྲིག་ཡིག་བཟོས་ཏེ། རྒྱ་གཞུང་རང་ཉིད་ཀྱི་ཆབ་སྲིད་དགོས་མཁོ་ལྟར་བླ་སྤྲུལ་ངོས་འཛིན་གྱིས་སྤྲུལ་སྐུའི་དཔང་ཡིག་ཟེར་བ་སྤྲོད་ཀྱིན་ཡོད་ལ། ལྷག་པར་དུ་འདི་ལོའི་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཟེར་བའི་ངོས་ནས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་ཟེར་བ་ཞིག་བཟོས་ཏེ། བོད་ནང་སྤྲུལ་སྐུའི་ངོས་འཛིན་དང་གྲངས་འབོར་ལ་རྒྱ་གཞུང་གིས་ཐད་ཀར་དོ་དམ་ཚད་བཀག་བཟོས་ཡོད།  དེའི་དམིགས་ཡུལ་ནི་ཆོས་ཕྱོགས་ཀྱི་མི་སྣ་གལ་ཆེན་རྣམས་ལ་སྟངས་འཛིན་ཐོག བོད་ཀྱི་དགོན་སྡེ་ཁག་ནི་རྒྱལ་གཅེས་ཆོས་གཅེས་ཟེར་བའི་རྒྱ་གཞུང་གི་ཆབ་སྲིད་སློབ་གསོ་སྤེལ་ཡུལ་ཞིག་ཏུ་བསྒྱུར་ཐབས་དང་། བོད་རིགས་དད་ལྡན་མང་ཚོགས་ཀྱི་ཆོས་དད་རང་དབང་ལ་ཕྱོགས་ཡོངས་ནས་བཀག་སྡོམ་བྱེད་ཐབས་ཤིག་རེད།

ནམ་རྒྱུན་རྒྱ་གཞུང་གིས་ཕྱི་ཕྱོགས་སུ་བོད་ནང་དགོན་སྡེ་དང་གྲྭ་བཙུན་གྱི་གྲངས་འབོར་མང་པོ་ཡོད་པ་དང་། དགོན་པའི་འཛུགས་བསྐྲུན་དང་གྲྭ་བཙུན་གྱི་མཐུན་རྐྱེན་ལེགས་པོ་ཡོད་པ། བོད་ཀྱི་ཆོས་དང་རིག་གཞུང་སྔར་བའི་ཡར་རྒྱས་བཏང་ཡོད་པ། བོད་རིགས་དད་ལྡན་མང་ཚོགས་ལ་ཆོས་དད་རང་དབང་ཡོད་སྐོར་དྲིལ་བསྒྲགས་བྱེད་ཀྱིན་ཡོད་མོད། དོན་དངོས་ཐོག་བོད་ཀྱི་དགོན་སྡེ་ཁག་ནང་ངོ་ལོ་སྟོང་ཕྲག་རིང་འཛིན་སྐྱོང་སྤེལ་གསུམ་བྱས་ཏེ་འོངས་པའི་དགོན་མ་ལག་གི་འབྲེལ་བ་དང་བླ་སློབ་ཀྱི་དམ་ཚིག དབང་ལུང་མན་ངག་གི་བརྒྱུད་པ་དང་ཆོས་བསླབ་པ་སློབ་གཉེར་གྱི་ལམ་སྲོལ་མཐའ་དག་རྩ་གཏོར་བཏང་སྟེ་ཕྱི་ཚུལ་གྱི་རྣམ་པ་ཙམ་དུ་བསྒྱུར་ཡོད།  རྒྱ་གཞུང་གི་བོད་ཀྱི་བླ་སྤྲུལ་ངོས་འཛིན་ལ་ཐེ་ཇུས་དང་དགོན་སྡེ་ཁག་གི་ཆོས་སྤྱོད་ལ་སྟངས་འཛིན། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་དད་མོས་རང་དབང་རྩ་གཏོར་གྱི་བྱ་སྤྱོད་འདི་རིགས་ནི།  རྒྱལ་སྤྱིའི་ཁྲིམས་སྒྲིག་དང་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིམས་ལ་རྒྱབ་འགལ་གྱི་ཁྲིམས་འགལ་ཉེས་སྤྱོད་ཞིག་ཆགས་ཡོད།

དེ་བས། འདི་ག་ལྟེ་གནས་ཁང་ནས་རྒྱ་གཞུང་ལ་༸པཎ་ཆེན་རིན་པོ་ཆེ་མཆོག་ཆ་རྐྱེན་གང་ཡང་མེད་པའི་ཐོག་ཀློད་གྲོལ་གཏོང་དགོས་པ་ནན་བརྗོད་བྱ་རྒྱུ་ཡིན། དེ་བཞིན།  འདི་ག་ལྟེ་གནས་ཁང་གི་ངོས་ནས་རང་དབང་ཅན་གྱི་ཆེས་མཐོའི་མི་སྣ་ཁག་༸པཎ་ཆེན་རིན་པོ་ཆེ་མཆོག་ལ་མཇལ་འཕྲད་གནང་འཇུག་དགོས་པའི་དགོས་འདུན་རིམ་པར་བཏོན་ཡོད་པ་ལྟར། དེ་རིང་སླར་ཡང་རྒྱ་གཞུང་ལ་དགོས་འདུན་དེ་བསྐྱར་ནན་བྱེད་རྒྱུ་ཡོད།

མཐའ་དོན་བོད་ནང་དུ་༧པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གཙོས་བོད་མི་མང་པོ་གར་སོང་ཆ་མེད་གྱུར་དང་འགྱུར་བཞིན་པའི་གནས་སྟངས་དེར་རྒྱ་གཞུང་གིས་འགན་ལེན་སྲུང་སྐྱོབ་ཡོང་ཆེད། རྒྱལ་སྤྱིའི་སྤྱི་ཚོགས་ནས་རྒྱ་གཞུང་ལ་དངོས་ཤུགས་བརྒྱུད་གསུམ་ནས་ནུས་པ་ལྡན་པའི་གནོད་ཤུགས་མུ་མཐུད་སྤྲོད་རོགས་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། །

 

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས།

ཕྱི་ལོ་ ༢༠༡༦ ཟླ་ ༤ ཚེས་ ༢༥ ཉིན་ལ།

 

 

to top