རྒྱ་གཞུང་གིས་༢༠༠༨ལོའི་ཞི་རྒོལ་ཆེན་མོའི་འགོ་ཁྲིད་ལ་བསྙད་ནས་འཇུ་བཟུང་བྱས་པའི་གཙང་དགོན་པའི་དགེ་འདུན་པ་མཆོག་སྤྲིན་རྒྱ་གློད་གྲོལ་གྱི་ཚུར་ཁྱིམ་དུ་འབྱོར་ཡོད་འདུག
འདི་ག་ལྟེ་གནས་ཁང་དུ་ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལྟར་ན། ཟླ་འདིའི་ཕྱི་ཚེས་༡༥་ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་༥ཡས་མས་སུ། མདོ་སྨད་གཙང་དགོན་པའི་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ཟི་ལིང་ཏོ་པ་བཙོན་ཁང་ནས་ལོ་༡༠བཙོན་འཇུག་དུས་ཡུན་ཚང་ནས་གློད་གྲོལ་བྱས་ཡོད་འདུག་ལ། ཟི་ལིང་ནས་གཙང་ཨ་རིག་གི་རང་ཁྱིམ་དུ་འབྱོར་དུས་མཚན་དཀྱིལ་རེད་ཡོད་འདུག དེ་ནི་རྒྱ་གཞུང་གིས་དེ་སྔ་ནས་དགེ་འདུན་པ་ཁོང་ཚུར་འབྱོར་བར་གཟབ་རྒྱས་ཕེབས་བསུ་དང་པར་སོགས་རྒྱག་མི་ཆོག་པའི་བཙན་བཀའ་བཏང་ཡོད་པ་བཞིན་འཆར་གཞི་ལྡན་པའི་གོ་སྒྲིག་ཅིག་ཡིན་འདུག
༢༠༠༨ལོའི་ཟླ་༣་ཚེས་༡༧ཉིན། བོད་ས་ཁྱོན་ཡོངས་ལ་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་བཞིན། མདོ་སྨད་གཙང་དགོན་པའི་ལྷ་སྡེ་མི་སྡེ་གཉིས་ངོས་ནས་སྔ་ཕྱི་ཞི་རྒོལ་དང་སྐད་འབོད་གནང་བར། རྒྱ་གཞུང་གིས་དེ་མུར་ཞི་རྒོལ་གྱི་འགོ་འཁྲིད་བྱེད་མཁན་དུ་བསྙད་ནས། གཙང་དགོན་པའི་དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་དང་། མཁས་སྒྲུབ་རྒྱ་མཚོ། ཚུལ་བཟང་རྒྱ་མཚོ་བཅས་སྔ་ཕྱི་རུ་འཇུ་བཟུང་བཙན་འཁྲིད་ཀྱིས། ཁོང་ཚོར་ཕྱི་ཕྱོགས་ལ་ངན་འབྲེལ་ཡོད་པ་དང་། ཞི་རྒོལ་གྱི་སྣེ་འཁྲིད་ཡིན་པའི་ཉེས་འཛུགས་འོག མཆོག་སྤྲིན་རྒྱ་མཚོ་དང་མཁས་གྲུབ་རྒྱ་མཚོ་ཁོང་གཉིས་ལ་བཙོན་ཐག་༡༠རེ་བཅད་པ་དང་། ཚུལ་བཟང་རྒྱ་མཚོ་ལ་ལོ་༩ ཡི་ཁྲིམས་ཐག་བཅད་ཡོད་འདུག
སྔར་ལོ་༢༠༡༦ཟླ་༣། ཕྱི་ཚེས་༨ཉིན། སྔ་ཕྱི་རུ་བཙོན་ཁང་ནས་ལས་ཀར་ཧུར་བརྩོན་དང་སྒྲིག་ཁྲིམས་གཙང་ཁུར་བྱས་དབང་གིས་དགེ་འདུན་པ་མཁས་གྲུབ་རྒྱ་མཚོ་ལགས་ལོ་གཉིས་ཀྱི་ཁྲིམས་ཆད་ཆག་ཡང་གིས་གློད་གྲོལ་བཏང་ཡོད་ཀྱང་། ཁྲིམས་ར་མ་འཚོགས་པའི་སྔོན་དུ་ཚ་འདྲི་དང་རྡུང་རྡེག་ཤུགས་ཆེར་བྱས་པར་བརྟེན་ནས་ཁོང་གི་ངོ་གདོང་འཁྱོག་ཅིང་མིག་གཉིས་ཆེ་ཆུང་ཤོར་བ་ཡོད་པ། གློད་གྲོལ་རྗེས་སྨན་པ་ལ་བསྟེན་གཏུགས་བྱས་ཀྱང་དྲག་སྐྱེད་བྱུང་གི་ཡོད་མི་འདུག ཡང་ཟླ་དེའི་ཕྱི་ཚེས་༡༤ཉིན། དགེ་འདུན་པ་ཚུལ་བཟང་རྒྱ་མཚོ་ལགས་ལོ་གཅིག་གི་ཁྲིམས་ཆག་ཡང་གི་གློད་གྲོལ་བཏང་ཡོད་ཀྱང་། གློད་གྲོལ་ཕྱི་ལོག་གི་སྣེ་ལེན་ཕེབས་བསུ་དང་ཡར་མར་འགྲོ་བསྐྱོད་སོགས་ལ་དམ་དྲག་ཤུགས་ཆེར་བྱས་ཙང་། ཁོང་གཉིས་ཀྱི་ད་ལྟའི་གནས་སྟངས་གསལ་བོ་ཤེས་རྟོགས་ཐུབ་ཀྱི་ཡོད་ཚོད་མི་འདུག
དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་ལགས་ནི། རྒྱ་གཞུང་གིས་བོད་ས་བཅད་བགོས་ལྟར་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་གཙང་ཨ་རིག་ཉི་མཐའ་(ཞང་)ཡུལ་ཚོ། མཛོ་མོ་རི་ཆེན་ལྔ་བའི་ཕ་འདས་པོ་བློ་བྷེ་དང་། མ་ཚེ་རིང་སྒྲོལ་མ་གཉིས་ལ་ཕྲུ་གུ་བུ་བུ་མོ་དགུ་ཡོད་པ་ལས་ལྔ་བ་དེ་ཡིན་པ་དང་། ད་ལྟ་དགུང་ལོ་ ༤༤ ཙམ་ཡིན་འདུག
ཕྱི་ལོ་ ༢༠༠༢ ལོའི་ལོ་མགོར་འདི་ག་བཙན་བྱོལ་དུ་ཡོང་ནས་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པར་ལོ་གསུམ་ལྷག་ལ་སློབ་གཉེར་བྱས་རྗེས་ཕྱིར་བོད་དུ་ལོག་པ་རེད།
འདི་གར་གནས་ཚུལ་མཁོ་སྤྲོད་པས་བརྗོད་གསལ་ལྟར་ན། མཆོག་སྤྲིན་རྒྱ་མཚོན་ལགས་བཙོན་གྲོལ་ཐོབ་ཏེ་ཕ་ཡུལ་ནས་ཉིན་ཤས་བཞུགས་རྗེས་གཙང་དགོན་པར་ཕེབས་བཅུག་ཡོད་འདུག
དགེ་འདུན་པ་ཚུལ་བཟང་རྒྱ་མཚོ་ཀྱང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྨ་ལྷོ་རྫོང་གཙང་ཨ་རིག་ཉི་མཐའ་ཡུལ་ཚོ་གསེར་གཞོང་རུ་ཆེན་བཞི་བའི་ཕ་དཔག་རྡོ་དང་མ་ཌ་གུ་གཉིས་ཀྱི་བུ་ཡིན་པ་དང་། ཁོང་ཚོ་བུ་སྤུན་གསུམ་ཡོད་པའི་ཆུང་ཤོས་དང་། ད་ལྟ་རང་ལོ་ ༣༠ ཡས་མས་ཤིག་ཡིན་འདུག ཚུལ་བཟང་རྒྱ་མཚོ་ལགས་ཕྱི་ལོ་ ༢༠༠༤ ལོར་བཙན་བྱོལ་དུ་འབྱོར་ཏེ་རྒྱ་གར་སེར་བྱེས་མཁས་སྙན་གྲྭ་ཚང་དུ་ཕྱི་ལོ་ ༢༠༠༧ བར་དུ་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་ ༢༠༠༧ ལོར་ཕྱིར་ཕ་ཡུལ་དུ་ལོག་ཡོད་པ་རེད་འདུག
དགེ་འདུན་པ་མཁས་གྲུབ་རྒྱ་མཚོའང་། ཨ་རིག་ཉི་མཐའ་ཡུལ་ཚོ། མཛོ་མོ་རི་ཆེན་གཉིས་པའི་ཕ་དཀོན་མཆོག་སྐལ་བཟང་དང་། མ་བདེ་ཁོ་གཉིས་ཀྱི་བུ་ཡིན་ཞིང་། ད་ལྟ་དགུང་ལོ་༣༤དང་། ཁོང་ཚོར་མིང་སྲིང་བདུན་ཡོད་པ་ལས་ལྔ་བ་དེ་ཡིན་འདུག ཁོང་ཕྱི་ལོ་༢༠༠༤ལོར་རྒྱ་གར་ལ་སླེབས་སྟེ་སེར་བྱེས་མཁས་སྙན་གྲྉ་ཚང་ནས་སློབ་གཉེར་གནང་ཡོད་པ་དང་། ཕྱི་ལོ་༢༠༠༧ལོར་ཕྱིར་ཕ་ཡུལ་དུ་ལོག་ཕྱིན་འདུག
ཕྱི་ལོ་༢༠༡༢ཟླ་༣ནང་། གཙང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་གཞི་རྒྱ་ཆེ་བའི་ངོ་རྒོལ་གནང་བར་ས་ཁུལ་དེའི་མི་སྐྱ་ཕོ་མོའང་འབོར་ཆེན་མཉམ་ཞུགས་བྱས་ཡོད་པ་མ་ཟད། སྐབས་དེའི་ཞི་རྒོལ་བས་འཕྲད་དར་ཕྱར་ཅིག་སྐད་འབོད་དགོས་འདུན་དོན་ཚན་ལྔ་བསྒྲགས་པའི་ནང་གི་གཅིག་ནི། དགེ་འདུན་པ་མཆོག་སྤྲིན་རྒྱ་མཚོ་དང་། ཚུལ་བཟང་རྒྱ་མཚོ། མཁས་གྲུབ་རྒྱ་མཚོ་བཅས་གློད་གྲོལ་བཏང་དགོས་པའི་འབོད་བསྐུལ་དང་།
དེ་མཚུངས་སུ། ༸གོང་ས་མཆོག་བོད་དུ་ཕེབས་བཅུག་དགོས་ཡོད་དང་། ༸པཎ་ཆེན་རིན་པོ་ཆེ་བཙོན་གྲོལ་གནང་དགོས་ཡོད། བོད་ཀྱི་ཆོས་དང་རིག་གཞུང་ཉར་ཚགས་དང་དར་སྤེལ་གྱི་རང་དབང་དགོས་དང་། ཡང་སྐབས་དེར་༸ཤིང་བཟའ་རིན་པ་ཆེ་ཡིས་རྒྱལ་ཚོགས་ཀྱི་མདུན་དུ་བདུན་ཕྲག་བཞིའི་ཟས་བཅད་ངོ་རྒོལ་གནང་ནས་སྐུ་གཟུགས་གནས་བབ་སྐྱོ་བོ་ཆགས་ཡོད་པར་སེམས་འཚབ་དང་བློས་བཟོད་མ་ཐུབ་པར། ཞི་རྒོལ་བའི་ངོས་ནས་རྒྱ་གཞུང་དང་རྒྱལ་ཚོགས་ལ་༸སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེའི་སྐུ་གཟུགས་བདེ་འཇགས་ལ་འགན་ཁུར་ཡོད་པའི་རེ་འདུན་འདོན་ཡོད།