བོད་ཀྱི་རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་སུ་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཆད་བཏང་འདུག 

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་མདོ་སྨད་རེབ་གོང་མདོ་བ་འབྲོག་ཕྱོགས་ནས་ཡིན་པའི་བོད་ཀྱི་རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ལ་རྒྱ་ནག་གཞུང་གིས་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”ཞེས་པའི་ཉེས་མིང་འོག་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཆད་བཏང་འདུག

རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱི་སྨྱུག་མིང་ལ་ལྷམ་ཀོག་ཟེར་ཞིང་ཁོང་ཉིད་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༡ པའི་ཚེས་ ༡༡ ཉིན་རོང་བོ་དགོན་པའི་ཉེ་འགྲམ་ནས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་འདུག་ཀྱང་འདས་པའི་ལོ་གཉིས་ཙམ་གྱི་རིང་ལ་ཁོང་གི་གནས་བབ་གསལ་རྟོགས་མི་ཐུབ་པར་གྱུར་ཡང་ཉེ་ལམ་འབྲེལ་ཡོད་བོད་མི་ཞིག་བརྒྱུད་དེ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་དགེ་འདུན་ལྷུན་འགྲུབ་ལགས་ལ་ན་ནིང་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡༢ པའི་ཚེས་ ༡ གི་ཉིན་ཟི་ལིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ལོ་བཞི་ཡི་བཙོན་འཇུག་དང་ལོ་གཉིས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་འཕྲོག་པ་སོགས་ཀྱི་ཁྲིམས་ཆད་ལྕི་མོ་བཏང་ཡོད་པའི་གནས་ཚུལ་བྱུང་འདུག

རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ནི་བོད་ཀྱི་སྐད་ཡིག་དང་རིིག་གནས་ལ་མཁྱེན་རྒྱ་ཤིན་ཏུ་ཟབ་པ་མ་ཟད་བོད་ཀྱི་སྐད་ཡིག་དང་རིག་གནས་ཀྱི་གནས་བབ་ཐད་རྒྱུན་དུ་ཐུགས་ཚབས་ཆེན་པོ་གནང་མཁན་ཞིག་ཡིན་པ་རེད།  ཁོང་གིས་སྐད་གྲགས་ཅན་གྱི་བཙན་པོ་དྲྭ་བ་གཙོ་གཉེར་གནང་གི་ཡོད་པ་དང་དུས་རྒྱུན་རོང་བོ་དགོན་ཆེན་གཙོས་བོད་ཀྱི་ས་ཁུལ་འདྲ་མིན་ལ་ཕེབས་ཏེ་བོད་ཀྱི་ཐུན་མིན་རིག་གནས་ཀྱི་སྐོར་ལ་བགྲོ་གླེང་དང་འཆད་ཁྲིད་ཡང་ཡང་གནང་གི་ཡོད་པ་རེད།

ཁོང་ནི་བོད་ཕྱི་ནང་གཉིས་སུ་ཧ་ཅང་གདེང་འཇོག་ཆེན་པོ་ཡོད་པའི་རྩོམ་པ་པོ་ཞིག་ཡིན་ཞིང་ <<རྐང་གླིང་སྐྱ་བོ>> དང་། <<ལྷ་ཆེན་པོའི་སྙན་ངག>> <<ཕྲེང་བ་ནག་པོ>> <<མི་ཚེའི་དབྱངས་རྟ>> <<གླེགས་བམ་དཀར་བོ>> <<འཁོར་བ་>>སོགས་སྙན་ངག་རྐྱང་བའི་དེབ་དྲུག་བཏོན་ཡོད་པ་མ་ཟད་ཁོང་གི་བརྩམས་ཆོས་ལ་ཁག་ཅིག་ལ་རྒྱ་ནག་རྒྱལ་ཡོངས་ཀྱི་བྱ་དགའ་ཆེ་གྲས་མི་རིགས་རྩོམ་རིག་གི་བྱ་དགའ་ཐོབ་འདུག

ཁོང་གིས་སྔ་རྗེས་སུ་“ཕག་ལོ་བ་”ཅན་གྱི་བརྗོད་གཞི་བྱས་པའི་སྙན་ངག་གྲགས་ཅན་རེ་འགའ་བྲིས་པ་དེ་དག་ནི་ཀློག་མཁན་ཚོའི་ངོས་ནས་༧གོང་ས་མཆོག་གི་དགུང་རྟགས་ཕཕག་ཡིན་པས་ཁོང་བྲིས་ཡིན་པའི་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། དེའི་ནང་གི་གཅིག་དཔེ་མཚོན་དུ་བཀོད་པ་འདི་ལྟར།

ཕག་ལོ་བ། ངས་ཁྱེད་ལ་འདྲི།
ཁྱེད་ཀྱི་ཕ་ཡུལ་གང་ན་ཡོད།
ཁྱེད་ཀྱི་ཕོ་བྲང་གང་ན་ཡོད།
ད་ལྟ་ཁྱེད་ཀྱི་གསེར་ཁྲི་སེར་པོའི་ཡང་སྟེང་ལ།
ངེད་ཅག་གིས་ལག་པ་འདར་གྱིན་རྡུལ་ཕྱགས་རྒྱག་གིན་ཡོད།
ཁྱེད་རང་ག་དུས་ཤིག་ལ།
དབུ་སྐྲ་དཀར་པོ་བརྩེ་བས་སྒུལ་བཞིན།
འཛུམ་མདངས་དཀར་པོ་སྐྱོ་བས་སྒུལ་བཞིན།
སྤྲིན་དཀར་པོ་ཞིག་གི་ཀློང་ནས་ཕེབས་སྲིད་དམ།

ཕག་ལོ་བ། ངས་ཁྱེད་ལ་འདྲི།
ཁྱེད་རང་གང་དུ་ཐོན་ས་ནས།
ངའི་མི་རིགས་སྐྱོབ་རོགས།
ངའི་རིག་གཞུང་དང་ཆོས་ལུགས་སྐྱོབ་རོགས་ཞེས།
བྱིན་པ་གུག་གུག་དང་དབུ་ལོ་ལྡེམ་ལྡེམ་གྱིས།
སྐྱོ་བ་ཡོངས་རྫོགས་ཁོག་ལ་བཅུག་ནས།
སྐབས་རེ་དབུགས་རིང་གྲང་མོ་ཕྱི་རུ་གཏོང་གིན།
སོར་མོ་སྙིང་གར་སྦྱར་ནས།
ལོ་ན་བདུན་བཅུའི་ལུས་པོ་ཤུགས་ཀྱིས་བཏེགས་ནས།
ཉིན་དང་མཚན། དབྱར་དང་དགུན།
གང་ལ་འང་བལྟས་པ་མེད་པར།
ཕེབས་བཞིན་པ་ངེད་ཅག་གིས་མཐོང་ཡོད།
ངེད་ཅག་གིས་ཀྱང་མགོ་བོ་རུམ་ལ་བཅུག་ནས།
སུས་ཀྱང་མི་ཚོར་བའི་ངང་ནས།
ཁྱེད་ཀྱི་སྐུ་ཚེ་རིང་བའི་སྨོན་ལམ་འདེབས་བཞིན་ཡོད།

ཁོང་གི་སྙན་ངག་གི་ནང་དོན་དང་གུང་ཁྲན་ཏང་གི་བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་ལ་མངོན་གསལ་དོད་པོས་དོགས་འདྲི་བྱས་པ་སོགས་ལ་བརྟེན་ནས་རྒྱ་ནག་གཞུང་གིས་སྔ་ཕྱིར་ཐེངས་འགར་འབོད་འགུག་དང་འདྲི་བརྩད་བྱས་པ་མ་ཟད་ཁོང་གི་སྙན་ངག་སྒེར་དེབ་“འཁོར་བ་”ཞེས་པ་བཏོན་ནས་ཡུན་རིང་མ་སོང་བར་རྒྱ་གཞུང་གི་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་འདུག་ཅིང་མཐར་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ལ་འབུར་འཇོམས་གཏོང་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་བའི་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”ཞེས་པའི་ཉེས་མིང་དེ་སྤྱད་དེ་ལོ་བཞི་བཙོན་འཇུག་ཁྲིམས་ཆད་བཏང་འདུག

ཉེ་བའི་ལོ་གཅིག་གཉིས་ཀྱི་ནང་དུ་རྒྱ་ནག་གཞུང་གིས་འདི་ལྟར་བོད་ཀྱི་རྩོམ་པ་པོ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་འགྲུབ་དང་ས་བུ་ཆེ།  སྒོ་ཤེས་རབ་རྒྱ་མཚོ། རིན་ཆེན་ཚུལ་ཁྲིམས། འཕྲིན་ལས་རྒྱ་མཚོ།  དྷིཿལྷ་ལྡན།  རོང་བོ་གངས་དཀར།  སྒོ་ཡོན་སོགས་བོད་ཀྱི་ཤེས་ཡོན་པ་མང་དག་ཅིག་ལ་ཉེས་མེད་ཉེས་འགེལ་བྱས་ཏེ་གཅིག་རྗེས་གཉིས་མཐུད་དུ་འཇུ་བཟུང་དང་བཙོན་འཇུག་བྱས་ཡོད།  ཁོང་རྣམ་པས་བོད་ཀྱི་སྐད་ཡིག་དང་རིག་གནས་དར་སྤེལ་གྱི་ཕྱག་ལས་གནང་བ་ལས་སུ་ལའང་རྒྱ་ནག་གི་ཁྲིམས་དང་འགལ་བའི་ནག་ཉེས་བསགས་པསྟོན་རྒྱུ་མེད།  འོན་ཀྱང་། ཁོང་རྣམས་གཙང་སེལ་དང་འབུར་འཇོམས་གཏོང་རྒྱུ་དེ་ནི་ཞི་ཅིན་ཕིང་གི་དུས་ཡུན་གཉིས་པ་ནས་བཟུང་སྟེ་རྒྱ་ནག་གཞུང་གིས་མངོན་གསལ་དོད་པོས་བོད་ནང་དུ་རིག་གཞུང་བཙན་བསྒྱུར་དང་མི་རིགས་རྒྱ་བསྒྱུར་གྱི་སྲིད་ཇུས་ལག་བསྟར་བྱེད་ཡོད་པ་དེ་དག་ལེགས་འགྲུབ་ཡོང་ཐབས་ཀྱི་ཐོག་མའི་ཆ་རྐྱེན་ལྟ་བུར་ངོས་འཛིན་བྱེད་བཞིན་ཡོད་པ་མངོན་གསལ་དོད་པོ་ཆགས་ཡོད།

to top