ཕྱི་ལོ་༢༠༡༦ཟླ་༡༡ཚེས་༢༥ཉིན། རྒྱ་ནག་དབང་སྒྱུར་གྲལ་རིམ་གྱི་བོད་ས་བཅད་བགོས་ལྟར་ན། ད་ལྟའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གསེར་རྟ་རྫོང་། ཞོ་མར་ཡུལ་ཚོ། ཨོན་ཟ་སྡེ་བ་ནས་ཡིན་པའི་བོད་མི་ཤེར་འཕེལ་ལགས་རྒྱའི་བཙོན་ཁང་ནས་ལོ་བཞི་དང་ཟླ་ངོ་༡༠བཙོན་འཇུག་གིས་ཉེ་འཆར་གློད་གྲོལ་གྱི་ཚུར་ཁྱིམ་དུ་འབྱོར་འདུག་ཅིང་། ཕ་ཡུལ་གྱི་ཡུལ་མི་དང་ནང་མིས་ཁོང་ལ་ཁ་བཏགས་སྒྲོན་ནས་སྣེ་ལེན་བྱས་ཤིང་། སྣེ་ལེན་པའི་གྲས་སུ་སྔར་ལོའི་ཕྱི་ཟླ་༨ནང་གློད་གྲོལ་བྱུང་བའི་བོད་མི་ཆབ་སྲིད་བཙོན་ཟུར་བསམ་གྲུབ་ཀྱང་འདུག ཤེར་འཕེལ་ལགས་ནི་དེ་སྔ་ཕྱི་ལོ་༢༠༡༢ཟླ་༡ཚེས་༢༣དང་༢༤བཅས་བསྟུད་མར་ཉིན་གཉིས་ལ། གསེར་རྟ་དང་བྲག་མགོ་རྫོང་ཐོག་ནས། བོད་མི་༣༠༠ལྷག་གིས་རྒྱ་གཞུང་ལ་གཞི་རྒྱ་ཆེ་བའི་ངོ་རྒོལ་དང་བསྟུན། གོང་ས་མཆོག་ཁྲི་ལོར་བརྟན་པོར་ཤོག བོད་ལ་རང་དབང་དགོས་སོགས་སྐད་འབོད་རྒྱབ་པ་ལ་བརྟེན་ནས། ཉེན་རྟོག་པས་བོད་མི་ཞི་རྒོལ་བའི་སྟེང་མེ་མདའ་རྒྱབ་ནས་དྲག་གནོན་དང་རྡུང་རྡེག་བྱས་པ་མ་ཟད། གང་བྱུང་འཇུ་བཟུང་བཙན་འཁྲིད་བྱས་པའི་གྲས་ཀྱི་གཅིག་ཡིན་འདུག་ཀྱང་། ད་དུང་ཡང་ཁོང་ལ་ནག་ཉེས་ཅི་ཞིག་བཙུགས་ཡོད་མེད་ཀྱི་གནས་ཚུལ་གསལ་ཁ་བྱུང་མེད། འདི་ག་ལྟེ་གནས་ཁང་གིས་དེ་སྔ་གནས་ཚུལ་བཏོན་པ་ལྟར་ན། གསེར་རྟ་དང་བྲག་མགོ་རྫོང་གི་བོད་མི་ཞི་རྒོལ་བའི་སྟེང་དྲག་མཚོན་བེད་སྤྱོད་བྱས་པ་བརྒྱུད། བོད་མི་གཉིས་ཙམ་རྐྱེན་ཤི་ཐེབས་པ་དང་། བོད་མི་༡༠་་རྨས་སྐྱོན་འཚབ་ཆེན་བཟོས་ཡོད་འདུག་པ་གསལ་ཞིང་། ཡང་ས་ཁུལ་དེ་གཉིས་ནས་བོད་མི་གང་མང་འཇུ་བཟུང་བཙན་འཁྲིད་བྱས་ཁྲོད་དུ། བྲག་མགོ་རྫོང་མི་དམངས་ཁྲིམས་ཁང་གིས་སྐབས་དེར་འཇུ་བཟུང་བྱས་པའི་བོད་མི་༧ལ། “སྤྱི་ཚོགས་བདེ་འཇགས་ལ་འཁྲུག་རྐྱེན་སློང་བ་དང་། སྤྱི་བའི་ཅ་ལོག་གཏོར་བཅོམས་“གཏོང་བའི་ཉེས་འཛུགས་འོག ཁྲིམས་ཆད་ལོ་༡༠ནས་༡༣་བཅས་འདྲ་བ་བཅད་ནས་བཙོན་འཇུག་བྱས་ཡོད་འདུག་ལ། ཡང་གསེར་རྟ་མི་དམངས་ཁྲིམས་ཁང་ཞེས་པས་གསེར་ལྟའི་བོད་མི་༤ལ། “རྒྱལ་ཁབ་ཀྱི་བྱ་བཞག་ལ་བར་ཆད་བཟོས་པ་“ཞེས་པའི་ཉེས་འཛུགས་འོག ཁྲིམས་ཆད་ལོ་༣ནས་༧བར་བཅད་ཡོད་འདུག རྒྱ་གཞུང་གི་ལྟ་རྟོག་དོ་ནན་གྱི་དབང་གིས། ཤེར་འཕེལ་ལགས་ཀྱི་ད་ལྟའི་གཟུགས་གཞིའི་གནས་བབ་སོགས་ཞིབ་ཆའི་གནས་ཚུལ་ཤེས་རྟོགས་མ་བྱུང་བར་ལྷག་ཡོད།