Tag: ལ་རྒྱ་གླུ་བ་ཕུལ་བྱུང་གློད་གྲོལ།

གྲགས་ཆེན་ལ་རྒྱའི་གླུ་བ་ཨ་མཆོག་ཕུལ་བྱུང་གིས་རྔ་བ་ཁུལ་དམར་ཐང་རྫོང་ནས་བོད་ཀྱི་དབུ་ཁྲིད་ཁག་དང་༧གོང་ས་མཆོག་ལ་བསྟོད་གླུ་ཕུལ་བའི་དབང་གིས། རྒྱ་གཞུང་གིས་འཇུ་བཟུང་བཙོན་འཇུག་གིས། ལོ་བཞིའི་ལྷག་གི་ཁྲིམས་ཐག་ཚང་སྟེ། ཟླ་འདིའི་སྤྱི་ཚེས་༢ཉིན་གློད་གྲོལ་བཏང་ཡོད་འདུག   ཁོང་ཉིད་གློད་གྲོལ་བྱུང་བའི་གནས་ཚུལ་འདི་ནི།  དེ་སྔ་ཕྱི་ལོ་༢༠༡༢ཟླ་༨ཚེས་༣ཉིན། རྒྱ་གཞུང་གིས་ཁོང་འབར་ཁམས་ནས་གང་བྱུང་འཇུ་བཟུང་བྱས་རྗེས་ཕྱི་རུ་ཐོན་པའི་གནས་ཚུལ་ཐོག་མ་དེ་ཡིན་ལ།  གཞས་པ་ཁོང་དེ་ལྟར་འཇུ་བཟུང་བཙན་འཁྲིད་ཀྱིས་ནང་མི་ལ་གར་ཡོད་གང་ཐད་ཀྱི་གནས་ཚུལ་གཅིག་ཀྱང་མ་བཤད་པར།   གསང་བའི་སྒོ་ནས་བཙོན་འཇུག་བྱས་པ་རེད།  ད་ལྟ་ཕྱི་རུ་ཐོན་པའི་གནས་ཚུལ་ཁག་ཏུ་ཁོང་ཉིད་ལོ་བཞི་ལ་བཙོན་འཇུག་བྱས་པ་འཁོད་འདུག་ཀྱང་།  ཁོང་ཉིད་གློད་གྲོལ་གྱི་ཉིན་ནས་རྩིས་ཚེ། ཁོང་ཉིད་ལོ་བཞི་དང་ཟླ་ངོ་ལྔ་ལ་བཙོན་འཇུག་བྱས་འདུག་པ་གྲངས་ཀས་ཐག་གཅོད་ཐུབ་པ་ཞིག་རེད་འདུག ཁ་སྔོན་ཁོང་ཉིད་མ་གློད་སྔོན་དུ། རྒྱ་གཞུང་གི་འབྲེལ་ཡོད་ནས་ཁོང་གི་ནང་མི་ལ། ཁོང་ཉིད་གློད་རྒྱུ་ཡིན་པའི་གནས་ཚུལ་བསྐྱལ་བ་དང་ལྷན་དུ། བཙོན་ཁང་གི་ཕྱི་རུ་ཁོང་སྣེ་ལེན་བྱས་མི་རུང་བའི་ཉེན་བརྡ་བཏང་འདུག་ཀྱང་། ཁོང་ཉིད་ཚུར་ཁྱིམ་དུ་འབྱོར་ཉིན། ཡུལ་མི་སེར་སྐྱ་མང་ཚོགས་ཀྱིས་ཁོང་གི་སྐེ་རུ་གོས་ཆེན་དང་ཁ་བཏགས་ཡུག་མ་གཡོག་པ་དང་། ཡི་རངས་ཀྱི་ལག་རྟགས་སྤྲད་པའི་སྒོ་ནས་སྣེ་ལེན་ཟབ་རྒྱས་ཞུས་འདུག དེ་ལྟར་སྣེ་ལེན་བྱས་པའི་པར་དང་བརྙན་ཞིག་སྤྱི་ཚོགས་དྲ་རྒྱ་བརྒྱུད་ལམ་ཁག་ཏུ་འགྲོ་བསྡད་པ་ལྟར་ན།     དེ་སྔ་ཕྱི་ལོ་༢༠༡༤ཟླ་༦ནང་། ལོ་བཞིའི་བཙོན་འཇུག་དུས་ཡུན་ཚང་སྟེ་གློད་གྲོལ་བྱུང་བའི་ཤེས་ཡོན་ཅན་དང་རྩོམ་པ་པོ་གྲགས་ཅན་འཇང་རྩེ་དོན་ཁོ་དང་སྨྱུག་མིང་ལ་གཉན་ཞུས་པ་ཁོང་གིས། ཕུལ་བྱུང་ལ་ཁ་བཏགས་དང་དེབ་བཅས་ཕུལ་ནས་སྣེ་ལེན་ཤིས་ཚིག་གནང་བ་ནི་འདི་ལྟར། “དོ་ནུབ་མུན་དག་གི་མཚན་མོ་ཞིག་ཡིན་ཡང་། ངས་བལྟས་ན་རྟེན་འབྲེལ་ཧ་ཅང་ཡག་ཐལ། རྒྱུ་མཚན་ཅི་ཡིན་ཟེར་ན། འདིའི་འཕྲོ་ནས་ནམ་དཀར་རྒྱུ་རེད། ངེད་ཅག་བོད་ཁ་བ་ཅན་ནམ་དཀར་རྒྱུ་ལ་སྒུག་བསྡད་ཡོད་པའི་མི་རིགས་ཤིག་ཡིན། བཀའ་དྲིན་ཆེ།”  ཕྱི་ལོ་༢༠༡༢ཟླ་༥ནང་།  ཕུལ་བྱུང་གིས་༼ཁུར་གྱིས་ནོན་པའི་ང་ཚོ་༽ཞེས་པའི་ཆེད་སྒྲིག་འོད་སྡེར་ལྔ་བ་དེ་ཉིད་འགྲེམས་སྤེལ་བྱས་ཤིང་། དེའི་ནང་དུ་༧གོང་ས་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་ལ་བསྟོད་གླུ་ཕུལ་བར་བརྟེན་ནས། ཕྱི་ཟླ་༦ནང་། ཁོང་འཇུ་བཟུང་བྱེད་རྒྱུ་ཡིན་པའི་བཀའ་རྒྱ་བསྒྲགས་པའི་དབང་གིས།   ཁོང་ཉིད་དེ་མུར་ཟླ་ངོ་གཉིས་རིང་ཉེན་ཡོལ་དུ་སོང་ཡང་། ཕྱི་ཟླ་༨ཚེས་༣ཉིན་གྱི་དགོང་མོར། རྔ་བ་ཁུལ་གྱི་བསྟི་གནས་འབར་ཁམས་ཀྱི་ཇ་ཁང་ཞིག་ཏུ་ཡོད་སྐབས། ཉེན་རྟོག་པ་གློ་བུར་འཛུལ་ནས་ཁོང་གང་བྱུང་འཇུ་བཟུང་བཙན་འཁྲིད་བྱས་རྗེས། ཁྲིམས་ར་འཚོགས་ཡོད་མེད་དང་ནག་ཉེས་ཅི་ཞིག་གཡོག་མིན་གྱི་གནས་ཚུལ་གཅིག་ཀྱང་ནང་མིར་བརྡ་ལན་བྱས་མེད་པར། གློད་གྲོལ་བར་དུ་མན་ཡྰང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག ཕུལ་བྱུང་ནི་རྒྱའི་འོག་ཏུ་བོད་མིས་དཀའ་སྡུག་མྱོང་གི་ཡོད་པ་དང་། བོད་མིའི་ལ་རྒྱ་དང་། ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་སྐོར་སོགས་གཞས་སུ་གྱར་མཁན་ཞིག་དང་། ཡོངས་གྲགས་སུ་ཁོང་ལ་ལ་རྒྱ་གླུ་བ་ཕུལ་བྱུང་ཟེར་གྱི་ཡོད་པ་ཡིན་ཞིང་།   ཁོང་ལ་ཁུར་གྱི་ནོན་པའི་ང་ཚོ་དང་། བླ་མ་བཟང་བོ། དཔའ་བོ། ང་ཚོ་ལ་རྒྱབ་རྩ་ཡོད་སོགས་གང་མང་ཞིག་ཡོད་ཁྲོད་ནས། དཔའ་བོ་ཞེས་པའི་གཞས་དེ་ནི། ཕྱི་ལོ་༢༠༠༨བོད་མིའི་ཞི་རྒོལ་བརྒྱུད་རང་སྲོག་ཤོར་བའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་ཆེད་བསྟོད་དང་བསྔོ་བ་བྱས་པའི་གཞས་ཤིག་དང་། བླ་མ་བཟང་བོ་ཡེ་ཤེས་ནོར་བུ་ཞེས་༧གོང་ས་མཆོག་དང་སྲིད་སྐྱོང་ལ་བོད་མིའི་བདེ་སྡུག་ཡར་ཞུ་དང་སྦྲགས་ནས། ང་ཚོར་ཁོང་ལྟ་བུ་རྒྱབ་རི་ཡོད་པའི་དགའ་སྤོབས་ཡོད་པ་བསྟན་པ་ཞིག་ཆགས་ཡོད། ཕུལ་བྱུང་གིས་ཕྱི་ལོ་༢༠༠༨ནས།  རྒྱ་གཞུང་གིས་འཆར་གཞི་ལྡན་པའི་སྒོ་ནས་བོད་ཁྱོན་ཡོངས་ཀྱི་བོད་མིའི་སྟེང་དྲག་གནོན་དང་དམ་དྲག་བྱས་པའི་ཐད་ལ། མི་འདོད་པའི་རྣམ་འགྱུར་དང་། ངོ་རྒོལ་སྐྱོན་བརྗོད་ཀྱི་རྩོམ་བྲིས་པ་སོགས། བོད་མི་སྙན་ངག་པ། རྩོམ་པ་པོ། སྒྱུ་རྩལ་བ་སོགས་ཤེས་ཡོན་ཅན་སྔ་ཕྱིར་བསྟུད་མར་འཇུ་བཟུང་བཀག་ཉར་བྱས་པའི་སྤྱིའི་གནས་སྟངས་རྣམས་གཞས་སུ་གྱར་བའི་ལ་རྒྱ་གླུ་བ་ཞིག་དང་ཞིག་ཆགས་ཡོད་ལ།   ཁོང་འཇུ་བཟུང་བྱས་པའི་སྔ་ཕྱི་རུ།   ཡང་གཞས་པ་ཨོར་རྒྱན་བསྟན་འཛིན་ཞུ་བ་ཞིག་འཇུ་བཟུང་གིས་ལོ་༢ཡིས་ཁྲིམས་ཆད་བཅད་པ་དང་། ལོ་དེའི་ཟླ་༦ནང་། གཞས་པ་ཕྱག་རྡོར་དང་པདྨ་འཕྲིན་ལས་གཉིས་འཇུ་བཟུང་གིས་ལོ་བཞི་དང་ལོ་གཉིས་ཀྱི་ཁྲིམས་ཐག་བཅད་པ་དང། ལྷག་པར་གྲགས་ཆེན་གླུ་བ་ལོ་ལོ་ཞེས་པ་ཞིག་༢༠༡༣ལོར་མགོ་འཇུ་བཟུང་གིས་ལོ་༦ཡིས་ཁྲིམས་ཆད་བཅད་པ་དང་།  དེའི་ལོ་མཇུག་ཏུ་གཞས་པ་སྐལ་བཟང་ཡར་འཕེལ་དང་ཆེད་སྒྲིག་པ་པདྨ་རིག་འཛིན་ཞེས་པ་གཉིས་འཇུ་བཟུང་གིས་ལོ་༤་དང་ལོ་༢ཡིས་བཙོན་འཇུག་ཁྲིམས་ཆད་བཅད་པ་སོགས། ཁོང་ཚོ་ཚང་མ་གང་བྱུང་འཇུ་བཟུང་གིས་གསང་བའི་བཀག་ཉར་དང་། ནག་ཉེས་གང་བཙུགས་སོགས་ཀྱི་གནས་ཚུལ་རྒྱ་གཞུང་གིས་ཤེས་སུ་བཅུག་པ་ཤ་སྟག་ཡིན།

Continue Reading

to top