Tag: རྨ་ལྷོ

བོད་ནང་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་གྱ་སྟོན་སྲུང་བརྩིའི་རྣམ་པ།
བོད་ནང་༧གོང་ས་མཆོག་དགུང་གྲངས་ ༨༠ ཕེབས་པའི་གྱ་སྟོན་སྲུང་བརྩིའི་རྣམ་པ།

ཕྱི་ཟླ་ ༧ ཚེས་ ༦ ཉིན་ཏེ་༧གོང་ས་མཆོག་གི་སྐུའི་འཁྲུངས་སྐར་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་ནས། རྒྱ་གཞུང་གིས་བོད་ནང་དུ་བོད་མི་ཚོས་སྐུའི་འཁྲུངས་སྐར་སྲུང་བརྩིའི་འདུ་འཛོམས་བཀག་སྡོམ་དང་། གནས་འཕྲིན་དྲ་རྒྱའི་བརྒྱུད་ལམ་ཁག་ནང་༧གོང་ས་མཆོག་གི་སྐུ་པར་འཇོག་མཁན་རྣམས་འཇུ་བཟུང་བཙན་འཁྲིད་བྱེད་བཞིན་ཡོད་འདུག ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་བོད་མི་ཚེ་རིང་དོན་གྲུབ་ལགས་ཀྱིས་སྐད་འཕྲིན་ནང་བོད་ཀྱི་རྒྱལ་དར་དང་༧གོང་ས་མཆོག་གི་སྐུ་པར་བཞག་པར་བརྟེན་ནས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་དུ་བཀག་ཉར་བྱས་ཡོད་མེད་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། རྒྱ་གཞུང་གིས་བོད་མི་རྣམས་གསང་བའི་སྒོ་ནས་འཇུ་བཟུང་བཙན་འཁྲིད་བྱས་ཐོག ནང་མིར་གར་ཡོད་ཀྱི་གནས་ཚུལ་ཤེས་རྟོགས་བྱེད་མ་བཅུག་པར་གར་སོང་ཆ་མེད་འགྱུར་བཞིན་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་གནས་སྟངས་དེ་རིགས། ད་ལྟའི་བར་དུ་བོད་ནང་རྒྱུན་མ་ཆད་པར་མུ་མཐུད་བྱུང་དང་འབྱུང་བཞིན་ཡོད།

ཚེ་རིང་དོན་གྲུབ་ལགས་ཀྱིས་སྐད་འཕྲིན་ནང་༧གོང་ས་མཆོག་གི་སྐུ་པར་བཞག་པར་བརྟེན་ནས་འཇུ་བཟུང་བྱས་ཡོད་པ་ལྟར། སྤྱིར་སྐད་འཕྲིན་ནི་རྒྱ་གཞུང་གིས་སྟངས་འཛིན་འོག་ཡོད་པའི་བོད་མི་རྣམས་ཀྱི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་རྟོགས་ཞིབ་བཤེར་གྱི་ལག་ཆ་གཙོ་བོ་ཞིག་ཆགས་ཡོད། སྐད་འཕྲིན་ནང་བོད་དོན་དང་འབྲེལ་བའི་པར་རིས་དང་གནས་ཚུལ་གཏོང་མཁན་བོད་མི་རྣམས་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་དང་བཙོན་འཇུག་ཁྲིམས་ཐག་ནན་མོ་གཅོད་བཞིན་ཡོད། དེ་བཞིན། ཚེ་རིང་དོན་གྲུབ་ལགས་ཀྱི་ཕ་ཡུལ་བོད་མདོ་སྨད་རེབ་གོང་ཐུན་རིན་རྫོང་ཁོངས་སུ། ཕྱི་ཟླ་ ༦ ཚེས་ ༢༡ ཉིན་གྱི་༧གོང་ས་མཆོག་གི་སྐུའི་གྱ་སྟོན་ཉིན་མོ་སྲུང་བརྩི་བཀག་སྡོམ་བྱས་ཏེ། ས་གནས་མང་ཚོགས་དགོན་པར་མཆོད་མཇལ་དུ་འགྲོ་རྒྱུར་དམ་དྲག་དང་། མང་ཚོགས་ཀྱི་ཁ་པར་ནང་ཞིབ་བཤེར་དང་བཙན་འཕྲོག་སོགས་བྱས་ཡོད་འདུག དམ་དྲག་བཀག་སྡོམ་གྱི་གནས་ཚུལ་དེའི་འོག་བོད་མི་འཇུ་བཟུང་བྱས་པའི་གྲངས་ཀ་ནི། ད་ལྟའི་ཆར་ཤེས་རྟོགས་བྱུང་བའི་ཚེ་རིང་དོན་གྲུབ་ལགས་གཅིག་པུ་ཙམ་མ་ཡིན་པར་གཞན་པའང་ཡོད་ངེས་ལ། དེ་བཞིན། ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་མོ་བསླེབ་ལ་ཉེ་བའི་སྐབས་དང་བསྟུན་ནས། བོད་མི་འཇུ་བཟུང་གི་གྲངས་འབོར་མུ་མཐུད་མང་དུ་འགྲོ་སྲིད་པ་རེད།

Continue Reading

Dorjee in Rebkong
ལོ་གཉིས་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་སློབ་ཕྲུག་རྡོ་རྗེ།

ལོ་སྔོན་མར་བོད་མདོ་སྨད་རེབ་གོང་ཁུལ་དུ་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་རིམ་པར་བྱུང་རྗེས། རྒྱ་གཞུང་གིས་སློབ་ཕྲུག་དང་ས་གནས་སྐྱ་སེར་བོད་མི་མང་པོ་འཇུ་བཟུང་བྱས་ཏེ། རྒྱལ་ཁབ་ཁ་བྲལ་གྱི་ནག་ཉེས་འདྲ་མིན་བཙུགས་ཏེ་ཁྲིམས་གཅོད་བཙོན་འཇུག་བྱེད་བཞིན་པ་ལྟར། རེབ་གོང་ས་གནས་སློབ་འབྲིང་གི་སློབ་ཕྲུག་རྡོ་རྗེ་ལ་ལོ་གཉིས་དང་ཕྱེད་ཀའི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་ཡོད་པ་དང་། དེ་སྔོན་འཇུ་བཟུང་བཀག་ཉར་འོག་ཡོད་པའི་གྲྭ་གྲགས་པ་རྒྱ་མཚོ་དང་འཇིགས་མེད་བསྟན་འཛིན་གཉིས་ཕྱིར་ཀློད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ལོ་ ༢༠༡༢ ཟླ་ ༡༡ ནང་བོད་མདོ་སྨད་རེབ་གོང་དུ་བསྟུད་མར་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ངོ་རྒོལ་གྱི་རང་ལུས་མེར་སྲེག་རིམ་པར་བྱུང་བའི་རྗེས། རྒྱ་གཞུང་གིས་རེབ་གོང་ས་ཁུལ་གྱི་ས་གནས་སྐྱ་སེར་མང་པོ་གང་བྱུང་འཇུ་བཟུང་བཙོན་འཇུག་བྱས་ཡོད་པ་ལྟར། སྐབས་དེ་དུས་འཇུ་བཟུང་བཙན་ཁྲིད་བྱས་ཡོད་པའི་སློབ་མ་རྡོ་རྗེ་ཟེར་བ་ཞིག་ལ། རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལ་འབྲེལ་བ་ཡོད་པ་དང་རང་བཙན་སྐད་འབོད་བྱས་པ། ༼གངས་སྲོལ་རྒྱུན་འཛིན་ཚོགས་པ༽་ཞེས་པ་བཙུགས་པའི་ཉེས་མིང་འོག ཕྱི་ལོ་ ༢༠༡༣ ཟླ་ ༢ པའི་ཟླ་མགོ་ཙམ་ཞིག་ལ་ལོ་ ༢ དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་དང་། ཁོང་ད་ལྟ་ཟི་ལིང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་ཡོད་འདུག
སློབ་ཕྲུག་རྡོ་རྗེ་ནི་རེབ་གོང་ཁུལ་ཐོག་གི་སློབ་འབྲིང་གི་སློབ་མ་ཞིག་ཡིན་པ་དང་། ད་ལྟའི་རྒྱ་གཞུང་གི་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་ཐུན་རིན་རྫོང་མདོ་བ་ཞང་ཁྱུ་ལྔ་སྡེ་བའི་ཡིན་པ་རེད། རྒྱ་གཞུང་གིས་ཆབ་སྲིད་ཐོག་བོད་ལ་བཙན་གྱིས་དབང་སྒྱུར་དང་། བོད་ཀྱི་སྐད་ཡིག་རིག་གནས་ལ་བཀག་སྡོམ་བྱས་པར་བརྟེན་ནས། རྨ་ལྷོ་དང་མཚོ་ལྷོ་ཁུལ་གཉིས་གཙོས་སློབ་གྲྭ་ཁག་གི་སློབ་ཕྲུག་སྟོང་ཕྲག་མང་པོས་སྔ་ཕྱིར་ངོ་རྒོལ་སྐད་འབོད་ཀྱི་གནས་སྟངས་བྱུང་ཡོད་ལ། རྒྱ་གཞུང་གིས་སློབ་ཕྲུག་མང་པོ་འཇུ་བཟུང་བཙན་ཁྲིད་ཀྱིས་ཉེས་མིང་འདྲ་མིན་འོག་ཁྲིམས་ཐག་བཅད་ཡོད་པ་རེད།

Continue Reading

to top