རྒྱ་དམར་གཞུང་གིས་རྒྱལ་ཁབ་ཕྱི་ནང་ཀུན་ལ་བོད་བཅིངས་འགྲོལ་བཏང་བ་ཡིན་པ་དང་། དེ་ནི་བོད་མི་རིགས་ལ་རང་དབང་དང་བདེ་སྐྱིད་བསྐྲུན་ཆེད་ཡིན་སྐོར། འདས་པའི་ལོ་ ༥༠ ལྷག་གི་རིང་བོད་མི་རིགས་ལ་འགྲེལ་བརྗོད་དང་སློབ་གསོ། དྲིལ་བསྒྲགས། བཙན་སྐུལ་བཅས་བྱས་ཡོད་པ་རེད། འོན་ཀྱང་། རྒྱ་གཞུང་གིས་བོད་བཅིངས་འགྲོལ་གྱི་རང་དབང་བདེ་སྐྱིད་ཟེར་བ་དེ། ད་དུང་བོད་མི་རིགས་ལ་ཚོར་རྟོགས་དང་ངོས་འཛིན་བྱེད་བཅུག་ཐུབ་མེད།
ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༡༡ ཉིན་རྒྱ་གཞུང་དབུས་སྦྲགས་སྲིད་སྡེ་ཁག་གིས། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཀྱི་ས་གནས་སོ་སོའི་སྦྲགས་སྲིད་སྡེ་ཁག་ལ་བརྡ་སྦྱོར་བཏང་སྟེ། རྒྱ་ནག་རྒྱལ་ཡོངས་ཀྱི་སྦྲགས་དངོས་བརྒྱུད་ལམ་ཁག་ལ་ཞིབ་ཕྲའི་དོ་དམ་ནན་མོ་བྱེད་དགོས་པ་མ་ཟད། ཕྱི་ཟླ་ ༨ ཚེས་ ༢༠ ནས་ཕྱི་ཟླ་ ༩ ཚེས་ ༡༢ བར་དམིགས་བསལ་བོད་རང་སྐྱོང་ལྗོངས་དང་པེ་ཅིན་དུ་བསྐུར་གཏོང་བྱས་པའི་སྦྲགས་དངོས་རྣམས་གཅིག་ཀྱང་མ་ལུས་བར་དོ་དམ་བཀག་སྡོམ་ནན་མོ་བྱས་ཏེ། སྦྲགས་འཕྲིན་དང་མྱུར་སྦྲགས་སོགས་བསྐུར་མཁན་དང་ལེན་མཁན་དོ་བདག་ཚང་མར་ཐོ་འགོད་ཞིབ་བཤེར་བྱ་དགོས་པའི་བཀའ་ཁྱབ་བཏང་འདུག
བོད་རང་སྐྱོང་ལྗོངས་དང་པེ་ཅིན་དུ་དམིགས་བསལ་དོ་དམ་བཀག་སྡོམ་བྱ་དགོས་དོན་ནི། ཕྱི་ཟླ་ ༩ པའི་ཚེས་ ༡ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་ ༥༠ འཁོར་བའི་དགའ་སྟོན་ཟེར་བ་དང་། ཕྱི་ཟླ་ ༩ ཚེས་ ༣ ཉིན་རྒྱ་ནག་རྒྱལ་ས་པེ་ཅིན་དུ་འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ ༧༠ འཁོར་བའི་དུས་དྲན་སྲུང་བརྩིའི་ལས་འགུལ་དང་། ཕྱི་ཟླ་ ༨ ཚེས་ ༢༢ ནས་ཚེས་ ༣༠ བར་པེ་ཅིན་དུ་ཕྱི་ལོ་ ༢༠༡༥ ལོའི་འཛམ་གླིང་མཆོངས་རྒྱུགས་འཕེན་གསུམ་ལུས་རྩལ་འགྲན་ཚོགས་ཟེར་བ་སོགས། རྒྱ་ནག་དམར་གཞུང་གི་ཆབ་སྲིད་དྲིལ་བསྒྲགས་ལ་དམིགས་པའི་བྱ་འགུལ་ཁག་སྔ་རྗེས་སུ་ཚོགས་ཀྱིན་ཡོད་སྟབས། སྐབས་དེ་དག་ཏུ་མང་ཚོགས་རང་བཞིན་གྱི་ངོ་རྒོལ་དང་དོན་རྐྱེན་རིགས་འབྱུང་རྒྱུར་བློ་དོགས་ཆེན་པོ་སྐྱེས་བཞིན་པས་ཡིན་འདུག