སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཚེ་བཙོན་འོག་རྐྱེན་འདས་སུ་བཏང་གསལ་འདོན་དང་སྐུ་གདུང་ནང་མིར་རྩིས་སྤྲོད་མཆོད་འབུལ་བྱེད་འཇུག་དགོས་པའི་འབོད་སྐུལ།

འདི་ག་ལྟེ་གནས་ཁང་གི་ངོས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་རྒྱ་གཞུང་གིས་ཚེ་བཙོན་གྱི་བཙོན་འཇུག་འོག སྡུག་སྦྱོར་མནར་གཅོད་བཏང་སྟེ་རྐྱེན་འདས་སུ་བཏང་ཡོད་པ་གསལ་འདོན་དང་། དེ་བཞིན། ཟླ་འདིའི་ཕྱི་ཚེས་ ༡༢ དགོང་མོ་ནང་མིར་རིན་པོ་ཆེ་གྲོངས་ཡོད་སྐོར་བརྗོད་པ་ནས་ད་ལྟའི་བར་ཉིན་གྲངས་ ༤ ལྷག་ཕྱིན་ཡོད་ནའང་། ད་དུང་རིན་པོ་ཆེའི་སྐུ་ཕུང་ནང་མིར་རྩིས་སྤྲོད་བྱས་མེད་པ་མ་ཟད། ས་གནས་དད་ལྡན་མང་ཚོགས་ཀྱིས་ཞུ་གཏུགས་ངོ་རྒོལ་ལ་དྲག་གནོན་བྱས་ཏེ། ད་ལྟའི་ཆར་ས་གནས་མང་ཚོགས་ཀྱི་གནས་སྟངས་ཀྱང་ཛ་དྲག་ཆགས་ཡོད་སྟབས། འདི་ག་ལྟེ་གནས་ཁང་གི་ངོས་ན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ། རིན་པོ་ཆེའི་འདས་རྐྱེན་གསལ་ཁ་དང་སྐུ་གདུང་རང་ཡུལ་དུ་གདན་འདྲེན་གྱིས་མཆོད་འབུལ་བསྔོ་སྨོན་བྱེད་འཇུག་དགོས་པའི་འབོད་སྐུལ་བྱེད་བཞིན་ཡོད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ཟླ་ ༧ ཚེས་ ༡༢ ཉིན་གྱི་དགོང་མོ་རྒྱ་གཞུང་འབྲེལ་ཡོད་མི་སྣས། ཁྲིན་ཏུའུ་རུ་འབོད་འགུག་བྱས་པའི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་ནང་མི་སྐུ་སྲིང་གཉིས་ལ་རིན་པོ་ཆེ་སྐུ་གྲོངས་ཟིན་པའི་སྐོར་བརྗོད་ཡོད་པ་ལྟར། ས་གནས་བོད་རིགས་དད་ལྡན་སེར་སྐྱ་མང་ཚོགས་ཀྱིས་གནས་ཚུལ་དེ་ཐོས་རྗེས། ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པར་རིན་པོ་ཆེ་ཁོང་གི་དགོན་པ་ཆེ་ཤོས་ན་ལེན་ཌ་ཐེག་ཆེན་བྱང་ཆུབ་ཆོས་གླིང་དགོན་པའི་གནས་ཡུལ་ཉེ་འདབས་ཏེ། ཐང་དཀར་མ་ཞེས་པའི་ས་ཆར་ཡོད་པའི་ས་གནས་རྒྱ་གཞུང་ཞང་སྲིད་གཞུང་ཡོད་ས་དེར། སྐྱ་སེར་དད་ལྡན་མང་ཚོགས་སྟོང་ཕྲག་ལྷག་འདུ་འཛོམས་ཐོག རྒྱ་གཞུང་གིས་རིན་པོ་ཆེ་ཁོང་བཙོན་ཁང་ནང་རྐྱེན་འདས་སུ་བཏང་བར་ངོ་རྒོལ་དང་། རིན་པོ་ཆེའི་སྐུ་ཕུང་ཕྱིར་གདན་འདྲེན་ཞུ་འཇུག་དགོས་པའི་སྐོར་སོགས་ཞུ་གཏུགས་བྱས་པར། རྒྱ་གཞུང་ཉེན་རྟོག་པས་བཀག་སྡོམ་བྱས་པར་བརྟེན་ནས། མཐར་ས་གནས་མང་ཚོགས་དང་རྒྱ་གཞུང་ཉེན་རྟོག་པའི་བར་འཁྲུག་རྩོད་ཤོར་ཡོད་འདུག སྐབས་དེར་རྒྱ་གཞུང་གིས་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་འགྲེམས་འཇོག་གིས་མང་ཚོགས་ལ་དྲག་གནོན་བྱས་ཏེ། མང་ཚོགས་ཀྱི་ཁྲོད་དུ་མིག་སྦྲིད་དུག་རླངས་དང་མེ་མདའ་བརྒྱབ་ཡོད་འདུག

ད་ལྟའི་ཆར་ཤེས་རྟོགས་བྱུང་བར་གཞིགས་ན། བོད་རིགས་བུད་མེད་གཅིག་གི་རྐང་པར་མེ་དམའ་ཕོག་ཡོད་པ་དང་། གཞན་པའི་བོད་མི་བདུན་བརྒྱད་ཙམ་ལ་གཅར་རྡུང་གིས་རྨས་སྐྱོན་ཕོགས་ཏེ། ཉག་ཆུ་རྫོང་གི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་བཞིན་ཡོད་འདུག འདི་གར་སྨན་ཁང་ནང་ཡོད་པའི་རྨས་མ་སྐོར་ཅིག་གི་པར་རིས་དང་བརྙན་ཐུང་ཞིག་འབྱོར་སོན་བྱུང་བ་ལྟར། པར་དང་བརྙན་ལས་མཐོང་ཐུབ་པ་ནི་བོད་རྒན་པ་ཁག་ལའང་རྨས་སྐྱོན་བཟོས་ཏེ་སྨན་དུ་བསྐྱལ་ཡོད་པ་དང་། དེ་བཞིན། བོད་དེ་དག་གི་མགོ་དང་ལག་པ་སོགས་ལ་རྨས་སྐྱོན་བཟོས་ཡོད་པ་པར་ལས་གསལ་བོ་མཐོང་ཐུབ་ཀྱི་འདུག

ཡིན་ནའང་། ས་གནས་མང་ཚོགས་ཀྱིས་རིན་པོ་ཆེའི་སྐུ་ཕུང་ཕྱིར་གདན་འདྲེན་ཞུ་འཇུག་དགོས་པ་དང་། བོད་པའི་ཆོས་ཀྱི་བྱེད་སྒོ་ལྟར་སྐུ་ཕུང་ཞུགས་འབུལ་གྱིས་མཆོད་འབུལ་སྨོན་ལམ་བྱེད་འཇུག་དགོས་དགོས་འདུན་བཏོན་ཏེ། ས་གནས་ནས་གྲྭ་པ་དང་ཨ་ནེ་སྐོར་སྐུ་ཕུང་གདན་འདྲེན་ཆེད་ཁྲིན་ཏུའུ་རུ་བསྐྱོད་འཇུག་དགོས་སྐོར་བརྗོད་དེ་མུ་མཐུད་ཞུ་གཏུགས་ངོ་རྒོལ་ཡོད་སྟབས། རྒྱ་གཞུང་གིས་ས་གནས་ཀྱི་བླ་མ་དང་སྤྲུལ་སྐུ་སྐོར་ཅིག་ཆེད་མངགས་བྱས་ཏེ། མང་ཚོགས་ལ་ཞུ་གཏུགས་ངོ་རྒོལ་མཚམས་འཇོག་དགོས་པ་དང་། དེ་ལྟར་ཟང་ཆ་བསླངས་ཚེ་རིན་པོ་ཆེའི་སྐུ་གདུང་ཕྱིར་གདན་འདྲེན་ཐད་དཀའ་ངལ་འཕྲད་རྒྱུ་ཡིན་སྐོར་གྱི་བསླབ་བྱ་སོགས་རྒྱག་བཅུགས་ཡོད་འདུག མཐར་གྲྭ་པ་ ༡༥ དང་བཙུན་མ་ ༣ བཅས་མི་བཅོ་བརྒྱད་ཁྲིན་ཏུའུ་རུ་སྐུ་ཕུང་གདན་འདྲེན་ཞུ་རུ་བསྐྱོད་འཇུག་རྒྱུ་སྐོར་ཙམ་བརྗོད་ནས། གནས་སྐབས་རིང་ས་གནས་མང་ཚོགས་ཀྱི་འདུ་འཛོམས་ཞི་འཇགས་བཟོ་ཐབས་བྱས་ཡོད་འདུག

དེ་བཞིན། ཕྱི་ཚེས་ ༡༥ ཉིན་གྱི་ཞོགས་པར་ཕྱོགས་སོ་སོ་ནས་སླེབས་པའི་བོད་མི་ ༡༠༠ ལྷག རིན་པོ་ཆེ་ཁོང་བཙོན་འཇུག་བྱ་ཡུལ་ཟི་ཁྲོན་ཁྲིན་ཏུའུ་གྲོང་ཁྱེར་གྱི་ཁྲོན་ཏུང་བཙོན་ཁང་གི་སྒོ་ཁར་འདུ་འཛོམས་ཀྱིས། རིན་པོ་ཆེའི་སྐུ་གདུང་ཕྱིར་རང་ཡུལ་དུ་གདན་འདྲེན་དང་། ཆོས་ཕྱོགས་ལམ་སྲོལ་ལྟར་སྐུ་གདུང་ཞུགས་འབུལ་དང་བསྔོ་སྨོན་མཆོད་འབོད་བསྒྲུབ་འཇུག་དགོས་པ་དང་། གལ་སྲིད་དགོས་འདུན་དེ་དག་མ་བསྒྲུབ་ཚེ་ཁོ་ཚོ་ཕྱིར་ལོག་གི་མིན་པར། བཙོན་ཁང་གི་སྒོ་མདུན་དུ་མུ་མཐུད་ཞུ་གཏུགས་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་ནས། བཙོན་ཁང་གི་སྒོ་ཁའི་གཞུང་ལམ་ཕར་ཕྱོགས་སུ་བཙོག་པར་བསྡད་དེ་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་འདུག་ལ། རྒྱ་གཞུང་གིས་ཉེན་རྟོག་པ་དང་དམག་མི་ཕོན་ཆེན་བཙོན་ཁང་གི་སྒོ་ཁ་དང་ཉེ་འདབས་སུ་འགྲེམས་འཇོག་གིས་བཀག་སྡོམ་ནན་མོ་བྱས་ཡོད་འདུག གནས་ཚུལ་གོ་ཐོས་ལྟར་ན་ཟི་ཁྲོན་ཞིང་ཆེན་གྱི་མགོ་ཁྲིད་ལས་བྱེད་གཉིས་བཙོན་ཁང་ཡོད་སར་ཡོང་སྟེ་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་སྐོར་འབྲེལ་ཡོད་ལས་བྱེད་ནས་བརྗོད་འདུག

གཞན་ཡང་གནས་ཚུལ་ཁ་གསལ་བཟོ་དགོས་པ་ཞིག་ལ། ཉེ་ཆར་གསར་ལམ་ཁག་མང་པོ་ཞིག་ནང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་བཙོན་འཇུག་དུས་བཅད་ལོ་ ༢༠ བར་ཆག་ཡངས་བཏང་ཡོད་པ་ལྟར། བཙོན་འཇུག་དུས་ཡུན་མ་རྫོགས་པར་བཙོན་ཁང་ནང་རྐྱེན་འདས་སུ་གྱུར་ཡོད་སྐོར་གྱི་གནས་ཚུལ་སྤེལ་འདུག ཡིན་ནའང་། འདི་ག་ལྟེ་གནས་ཁང་དོན་རིན་པོ་ཆེ་ཁོང་གི་སྐོར་ལ་སྔ་ཕྱིར་རིམ་པར་གནས་ཚུལ་དང་ཞུ་གཏུགས་འབོད་སྐུལ་བྱས་ཡོད་པ་ལྟར། འདི་ག་ལྟེ་གནས་ཁང་གིས་ཤེས་རྟོགས་བྱུང་བའི་གནས་ཚུལ་ནི། རྒྱ་གཞུང་གིས་རིན་པོ་ཆེ་ཁོང་ལ་ལོ་གཉིས་མནར་འགྱངས་ཀྱི་སྲོག་ཁྲིམས་དེ་ཚེ་བཙོན་དུ་ཕབ་རྗེས། ད་ལྟའི་བར་ཚེ་བཙོན་གྱི་དུས་བཅད་ལ་འགྱུར་བ་གང་ཡང་བཏང་མེད།

དེའང་ཕྱི་ལོ་ ༢༠༠༢ ཟླ་ ༡༢ ཚེས་ ༢ ཉིན་ཟི་ཁྲོན་ཞིང་ཆེན་དཀར་མཛེས་ས་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་དང་པོའི་ཁྲིམས་ཐག་བཅད་དེ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ལོ་གཉིས་ནར་འགྱངས་ཀྱི་སྲོག་ཐོག་གཏོང་རྒྱུ་དང་། བློ་བཟང་དོན་གྲུབ་འཕྲལ་དུ་སྲོག་ཐོག་གཏོང་རྒྱུའི་ཐག་གཅོད་བྱས་རྗེས་རྒྱལ་སྤྱིའི་ནང་གླེང་སློང་ཤུགས་ཆེན་བྱུང་སྟེ་བསྐྱར་དུ་དྲང་བདེན་གྱིས་ཁྲིམས་བཤེར་བྱེད་དགོས་པའི་འབོད་སྐུལ་ལ་མ་ལྟོས་པར་ཟི་ཁྲོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་འདྲི་གཅོད་གཉིས་པའི་ཁྲིམས་ཐག་བཅད་དེ་བློ་བཟང་དོན་གྲུབ་སྲོག་ཐོག་བཏང་བ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ལ་ལོ་གཉིས་ནར་འགྱངས་ཀྱི་སྲོག་ཁྲིམས་ལག་བསྟར་བྱེད་རྒྱུའི་མཐའ་མའི་ཁྲིམས་ཐག་བཅད་པ་དང་། དེ་རྗེས་ཕྱི་ལོ་ ༢༠༠༥ ཟླ་ ༡ ནང་ཚེ་བཙོན་དུ་ཕག་ཡོད་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། དེ་ནས་ད་ལྟའི་བར་ཁོང་གི་ཁྲིམས་ཐག་ཆག་ཡངས་བཏང་མེད་པ་མ་ཟད། བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་མེད་བཏང་བར་བརྟེན་ནས། ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད། ལྷག་པར་དུ་འདས་པའི་ལོ་གཉིས་མ་ཟིན་ཙམ་གྱི་རིང་ནང་མི་གཅིག་ཀྱང་བཙོན་ཁང་ནང་རིན་པོ་ཆེར་ཐུག་འཕྲད་བྱེད་བཅུག་མེད་པ་རེད།

རིན་པོ་ཆེ་ཁོང་ལ་རྒྱ་གཞུང་གིས་ལོ་གཉིས་མནར་འགྱངས་ཀྱི་བཙོན་འཇུག་ཁྲིམས་བཅད་པ་དེ་ནི། ཉེས་མེད་ཉེས་འཛུགས་བྱས་པའི་ཁྲིམས་འགལ་གྱི་ཐག་གཅོད་ཅིག་ཆགས་ཡོད། དེའི་རྒྱུ་མཚན་ནི་རྒྱ་གཞུང་གིས་རིན་པོ་ཆེ་ལ་འགས་གཏོར་དྲག་སྤྱོད་དང་རྒྱལ་ཁབ་ཁ་བྲལ་གྱི་ཉེས་མིང་བཙུགས་ཡོད་ཀྱང་། ད་ལྟའི་བར་དུ་དཔང་རྟགས་ཁ་གསལ་གང་ཡང་བཏོན་ཐུབ་མེད་པ་རེད། དེ་བཞིན། རིན་པོ་ཆེ་དང་བློ་བཟང་དོན་གྲུབ་གཉིས་འཇུ་བཟུང་དང་དྲི་གཅོད་ཁྲིམས་བཤེར། མཐའ་མའི་ཁྲིམས་གཅོད་ཀྱི་རིམ་པ་མཐའ་དག་ཁྲིམས་འགལ་གྱི་བརྒྱུད་རིན་ཁོ་ན་བེད་སྤྱོད་བྱས་ཡོད་པ་རེད། ཐ་ན་ཁྲིམས་ཚོགས་སྐབས་ཀྱང་ཡོངས་གྲགས་ཁ་གསལ་མ་ཡིན་པར་གསང་བའི་སྒོ་ནས་ཁྲིམས་ཐག་བཅད་ཡོད།

མདོར་ན་རིན་པོ་ཆེར་རྒྱ་གཞུང་གིས་ཉེས་འགལ་གྱིས་ཁྲིམས་གཅོད་བྱས་པ་མ་ཟད། བཙོན་འོག་ཏུ་སྡུག་སྦྱོང་མནར་གཅོད་བཏང་སྟེ་རྐྱེན་འདས་སུ་བཏང་བ་འདི་ནི། རྒྱ་གཞུང་དཔོན་རིགས་ཚོས་སྲིད་གཞུང་གི་དབང་ཤུགས་ཁོ་ན་སྤྱད་དེ། ཉེས་མེད་མང་ཚོགས་ཀྱི་ཚེ་སྲོག་བཙན་འཕྲོག་བྱས་པའི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱི་ཛ་དྲག་གནས་སྟངས་ཞིག་ཆགས་ཡོད་སྟབས། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱ་གཞུང་གི་བྱ་སྤྱོད་དེར་བློ་ཕམ་དང་བློ་འཚབ་དྲག་པོ་བྱེད་བཞིན་ཡོད།
ད་ལྟའི་ཆར་རིན་པོ་ཆེ་ཁོང་ལ་དད་གུས་ཆེན་པོ་ཡོད་པའི་དགེ་ཕྲུག་དང་དད་ལྡན་མང་ཚོགས་རྣམས་ཀྱིས། རིན་པོ་ཆེ་ཁོང་གི་སྐུ་གདུང་ཕྱིར་རང་ཡུལ་དུ་གདན་འདྲེན་གྱིས་བོད་པའི་སྲོལ་རྒྱུན་ལྟར་སྐུ་ཕུང་ཞུགས་འབུལ་དང་མཆོད་འབུལ་བསྔོ་སྨོན་བསྒྲུག་འཇུག་དགོས་པའི་ཞུ་གཏུགས་དགོས་འདུན་འདོན་བཞིན་ཡོད་པ་ལྟར། རྒྱ་གཞུང་གིས་རང་ཉིད་ཀྱི་རྩ་ཁྲིམས་ནང་མི་དམངས་ལ་ཆོས་ལུགས་དད་མོས་རང་དབང་ཡོད་པའི་སྐོར་བརྗོད་ཡོད་པ་ལྟར། ས་གནས་བོད་རིགས་དད་ལྡན་མང་ཚོགས་ཀྱི་རེ་འདུན་གཞིར་བཟུང་། རིན་པོ་ཆེའི་སྐུ་ཕུང་ཕྱིར་རང་ཡུལ་དུ་གདན་འདྲེན་དང་མང་ཚོགས་ལ་མཆོད་འབུལ་བྱེད་འཇུག་དགོས་པའི་འབོད་སྐུལ་ནན་མོ་བྱེད་བཞིན་ཡོད།

དེ་སྔོན་འདི་ག་ལྟེ་གནས་ཁང་གིས་ངོས་ནས། བཙོན་འོག་ཏུ་རིན་པོ་ཆེ་ཁོང་གི་སྐུ་གཟུགས་གནས་སྟངས་ཧ་ཅང་སྐྱོ་ཆགས་ཡོད་སྟབས། རྒྱ་གཞུང་གིས་ཁོང་ལ་སྨན་བཅོས་མཐུན་འགྱུར་སྤྲོད་དགོས་པ་དང་སྨན་བཅོས་ཆེད་བཙོན་གྲོལ་གཏོང་དགོས་རེ་སྐུལ་རིམ་པར་བཏོན་ཡོད་པ་མ་ཟད། བོད་རིགས་དད་ལྡན་མང་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཀྱང་རིམ་པར་འབོད་སྐུལ་བྱས་ཡོད་ཀྱང་། རྒྱ་གཞུང་གིས་དེ་དག་སྣང་མེད་དུ་བཞག་སྟེ་མུ་མཐུད་སྡུག་སྦྱོང་མནར་གཅོད་བཏང་བར་བརྟེན་ནས་ཉེ་ཆར་རིན་པོ་ཆེ་ཁོང་རྐྱེན་འདས་སུ་གྱུར་ཡོད། དེ་བཞིན། རིན་པོ་ཆེའི་དགེ་ཕྲུག་རྣམས་ཀྱིས་གཙོས་ས་གནས་དད་ལྡན་མང་ཚོགས་ཀྱི་ངོས་ནས། རིན་པོ་ཆེ་ཁོང་ནི་བཙོན་ཁང་དུ་རང་བཞིན་གྱིས་འདས་གྲོངས་ཕྱིན་པ་ཞིག་མ་ཡིན་པར། རྒྱ་གཞུང་གིས་བསམ་བཞིན་རྐྱེན་འདས་སུ་བཏང་བ་ཞིག་ཡིན་པའི་དོགས་སློང་དང་གནས་ཚུལ་མཐའ་དག་ལ་བསྐྱར་ཞིབ་ཀྱིས་གསལ་ཁ་འདོན་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད་པ་ལྟར། རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཚང་མས་རྒྱ་གཞུང་ལ་གནོན་ཤུགས་སྤྲད་དེ། རིན་པོ་ཆེ་ཁོང་ལ་མ་ཉེས་ཁ་གཡོག་གིས་བཙོན་འཇུག་བྱས་པའི་ཁྲིམས་འགལ་གྱི་བརྒྱུད་རིམ་ཆ་ཚང་ལ་ཞིབ་འཇུག་དང་། ལྷག་པར་དུ་རིན་པོ་ཆེ་ཁོང་གི་འདས་རྐྱེན་ཁ་གསལ་བཟོ་འཇུག་དགོས་པའི་ཐད། འདི་ག་ལྟེ་གནས་ཁང་གི་ངོས་ནས་རྒྱལ་སྤྱིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་འབོད་སྐུལ་ཤུགས་དྲག་བྱེད་བཞིན་ཡོད།

གཤམ་གསལ་པར་རིས་ཁག་ནི་ཐང་དཀར་མར་ཡོད་པའི་ས་གནས་ཞང་སྲིད་གཞུང་ཡོད་སར་མང་ཚོགས་ཀྱིས་ཞུ་གཏུགས་ངོ་རྒོལ་སྐབས་རྒྱ་གཞུང་གིས་དྲག་གནོན་བྱས་ཏེ་རྨས་སྐྱོན་ཕོགས་ནས་སྨན་ཁང་དུ་ཡོད་པའི་བོད་མི་ཁག་ཅིག་གི་པར་རིས།

 

photo 1 (1)

photo 3 (1)

 

photo 4

 

photo 2 (1)

 

ཁྲིན་ཏུའུ་གྲོང་ཁྱེར་གྱི་བཙོན་ཁང་སྒོ་འགྲམ་དུ་བོད་མི་བརྒྱ་ཙམ་གྱིས་ཞུ་གཏུགས་ངོ་རྒོལ་བྱེད་བཞིན་པའི་པར་རིས་ཁག

photo 3

photo 2

 

photo 1

 

to top