རྟའུ་ཉི་མཚོ་དགོན་པའི་གྲྭ་ཚེ་དབང་ཆོས་འཕེལ་ལགས་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་འདུག

རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་དབང་སྒྱུར་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེད་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟའུ་རྫོང་དུ་འབོད་པའི་ཁོངས་གཏོགས། རྟའུ་ཉི་མཚོ་དགོན་པའི་གྲྭ་ཚེ་དབང་ཆོས་འཕེལ་ལགས་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་རྒྱ་གཞུང་ཉེན་རྟོག་པས་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

རྒྱ་གཞུང་གིས་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་པའི་གྲྭ་ཚེ་དབང་ཆོས་འཕེལ་ལགས།
རྒྱ་གཞུང་གིས་གློ་བུར་འཇུ་བཟུང་བཙན་འཁྲིད་བྱས་པའི་གྲྭ་ཚེ་དབང་ཆོས་འཕེལ་ལགས།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༥ ཚེས་ ༡༨ ཉིན་གྱི་བོད་ནང་གི་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀ་ཙམ་ལ། རྒྱ་གཞུང་ཉེན་རྟོག་པས་རྟའུ་ཉི་མཚོ་དགོན་པའི་གྲྭ་ཚེ་དབང་ཆོས་འཕེལ་ལགས་སྦག་སྦག་ཞོན་ནས་ཡོང་བཞིན་པའི་ལམ་སྐབས། རྒྱ་གཞུང་ཉེན་རྟོག་པས་གཅིག་བཞད་གྲོང་འདབས་ནས་གློ་བུར་བཙན་འཁྲིད་བྱས་ཡོད་འདུག ད་ལྟའི་ཆར་ཁོང་འཇུ་བཟུང་བྱས་པའི་རྒྱུ་རྐྱེན་ཅི་ཡིན་དང་གནས་སྟངས་ག་འདྲ་ཡིན་མིན་གྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མེད་པར་ལྷག་ཡོད་འདུག

ས་གནས་མང་ཚོགས་ཀྱིས་བརྗོད་དོན་ལྟར་ན། ཕྱི་ལོ་ ༢༠༡༤ ཟླ་ ༡༢ ཚེས་ ༢༣ ཉིན་གྲྭ་སྐལ་བཟང་ཡེ་ཤེས་ལགས་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་བསྒྱུར་གྱི་མི་སེར་སྤེལ་བའི་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་སྐབས། རྒྱ་གཞུང་ཉེན་རྟོག་པས་མང་ཚོགས་ཐོག་དྲག་སྤྱོད་བཀག་སྡོམ་བྱས་པར། མང་ཚོགས་ཀྱིས་མི་འདོད་པའི་རྣམ་འགྱུར་བསྟན་པ་དང་རྡོ་གཡུག་པ་སོགས་བྱས་ཡོད་པ་དང་། དེ་ནས་བཟུང་གྲྭ་ཚེ་དབང་ཆོས་འཕེལ་ལགས་རྒྱ་གཞུང་གིས་དོགས་ཟོན་འོག་ཚུད་ཡོད་འདུག དེར་བརྟེན། ས་གནས་མང་ཚོགས་ཀྱིས་རྒྱ་གཞུང་གིས་ཁོང་ལ་རྗེས་འདེད་ལྟ་རྟོག་བརྒྱུད་ཐེངས་འདིར་ལམ་བར་འགྲོ་བསྐྱོད་ཀྱི་སྐབས་དང་བསྟུན་ནས་གློ་བུར་འཇུ་བཟུང་བཙན་ཁྲིད་བྱས་པ་ཞིག་ཡིན་པར་དོགས་སློང་བྱེད་ཀྱིན་ཡོད་འདུག

གྲྭ་ཚེ་དབང་ཆོས་འཕེལ་ལགས་ནི་ཕ་ཡུལ་ཁམས་རྟའུ་རྫོང་མ་ཟུར་ཡུལ་ཚོའི་ཁུ་ཆ་སྡེ་པ་ནས་ཡིན་པ་རེད། ཁོང་ད་ལྟ་རང་ལོ་ ༢༩ ཡིན་པ་དང་ཉི་མཚོ་དགོན་གྱི་འཛིན་གྲྭ་སྐབས་དང་པོ་ཡིན་འདུག དེ་བཞིན། ཁོང་ནི་ནམ་རྒྱུན་མི་རིགས་ཀྱི་ལ་རྒྱ་དང་བདེ་སྡུག་ལ་དོ་སྣང་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་འདུག

to top