རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་འཇུ་བཟུང་བྱས་འདུག

རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱི་འདྲ་པར།
རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱི་འདྲ་པར།

ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་ལགས་ཀྱིས། རྫོང་མཁར་གཞུང་ལམ་སྟེང་ཞི་བའི་སྐད་འབོད་ངོ་རྒོལ་བྱེད་སྐབས། རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་འདུག

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༥ ཟླ་ ༣ ཚེས་ ༡༧ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༣ དང་སྐར་མ་ ༤༠ ཡས་མས་སུ། ད་ལྟ་རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱིས་མི་སེར་སྤེལ་བའི་ས་ཁོངས་ལྟར་བྱས་ན། ཟི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་རང་སྐྱོང་ཁུལ་རྔ་བ་རྫོང་གི་རྫོང་མཁར་གཞུང་ལམ་སྟེང་དུ། རང་ལོ་ ༡༩ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བ་བློ་བཟང་སྐལ་བཟང་ལགས་ཀྱིས། ལག་གཡོན་པས་༸གོང་ས་མཆོག་གི་སྐུ་པར་ཞིག་མཐོན་པོར་བཏེགས་ཤིང་ལག་པ་གཡས་པས་རླུང་རྟ་གཏོར་བཞིན། “བོད་ལ་རང་དབང་དགོས” ཞེས་སྐད་འབོད་གནང་ཡོད་ཀྱང་། ཅུང་ཙམ་ལས་མ་འགོར་བར་རྒྱ་གཞུང་ཉེན་རྟོག་མི་སྣ་བསླེབས་ནས་ཁོང་འཛིན་བཟུང་བཙན་ཁྲིད་བྱས་ཡོད་འདུག

ད་ལྟའི་ཆར་གྲྭ་བློ་བཟང་སྐལ་བཟང་ལགས་གང་དུ་ཡོད་མེད་དང་གནས་སྟངས་ཇི་འདྲ་ཡིན་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད། ཁོང་གི་ཕ་ཡུལ་ནི་རྔ་བ་གཅའ་རུ་བ་ཡུལ་ཚོའི་ཕྱུགས་ལས་འགབ་མ་ཡིན་ཞིང་། ཕ་ཚེ་རིང་དང་མ་བདེ་ཆེན་གཉིས་ལ་བུ་བུ་མོ་གསུམ་ཡོད་པའི་ནང་ནས་གཉིས་པ་དེ་ཡིན་འདུག ཁོང་ཆུང་ཆུང་སྐབས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་བྱས་ཏེ་ད་ལྟ་འཛིན་གྲྭ་ཁ་ཏོག་གོང་མ་ཡིན་འདུག

to top