ཉེ་ཆར་བོད་ནང་གི་བོད་མི་ཞིག་གིས་འདི་ག་ལྟེ་གནས་ཁང་དུ་གནས་ཚུལ་མཁོ་སྤྲོད་གནང་བར། མཚོ་སྔོན་ཚེ་རིང་ལགས་སྔ་ལོ་ཁྱུང་མཆུ་རྫོང་དུ་བཀག་ཉར་བྱས་ནའང་ཁོང་ནས་རང་ཉིད་ལ་ཕོག་པའི་ཁྲིམས་ཆད་ངོས་ལེན་མ་བྱས་སྟབས། ཉེ་ལམ་འབར་ཁམས་རྫོང་ཐོག་ཏུ་ཡོད་པའི་རྔ་པ་ཁུལ་བཙོན་ཁང་དུ་བཏང་ཡོད་པ་དང་། མུ་མཐུད་ནས་ཁོང་གི་གནད་དོན་ལ་ཁུལ་ཁྲིམས་ཁང་གིས་ཐག་གཅོད་བྱ་རྒྱུ་ཡིན་ལུགས་བརྗོད་ཀྱི་འདུག་ལ། ཁོང་གིས་རྫོང་ཁྲིམས་ཁང་གི་ཐག་གཅོད་ལ་ཁས་ལེན་མ་བྱས་སྟབས་སླར་ཡང་ཟླ་བ་བརྒྱད་འཕར་མ་བཏང་བ་རེད་ཅེས་འགྲེལ་བརྗོད་བྱས་ཡོད། ད་ལྟ་ཁོང་ལ་ཐུག་འཕྲད་སོགས་གང་ཡང་བྱེད་མི་ཆོག་པ་མ་ཟད། ཁོང་གི་ནང་མི་ལའང་ཁོང་གི་སྐོར་གང་བྱུང་བཤད་ཚེ་ཁྲིམས་ཆད་ལྕི་རུ་འགྲོ་གི་རེད་ཅེས་སེམས་བཟང་ཡིན་མདོག་གིས་འཇིགས་སྐུལ་བྱས་འདུག དེ་མིན་ཁོང་གི་ཕ་མ་གཉིས་ལོ་གསར་སྐབས་སུ་ག་པར་འགྲོ་གི་ཡོད་མེད་ལྟ་རྟོག་བྱེད་མཁན་ཡོད་པ་མ་ཟད། ཁོང་གཉིས་སྨོན་ལམ་ལའང་མཇལ་ཁར་བཏང་མེད།
ཡང་བོད་མི་གཞན་ཞིག་བརྒྱུད་ནས་གནས་ཚུལ་ཤེས་རྟོགས་བྱུང་བར་། མཚོ་སྔོན་ཚེ་རིང་ལགས་ནས་ཞུ་གཏུག་གནང་བའི་ཁོར་ཡུག་གཏོར་སྐྱོན་ཐད་ཁྱུང་མཆུ་རྫོང་གི་དཔོན་རིགས་ཁྲོད་ནག་ཉེས་ཡོད་མཁན་མང་པོ་ཡོད་སྟབས། གནད་དོན་དེར་ཐག་གཅོད་ཡག་པོ་བྱེད་ཀྱི་མེད་པ་མ་ཟད་ཕྱི་ལའང་གྱར་འཇུག་གི་མེད། ང་ཚོའི་རེ་བར་ཁོང་གི་གནད་དོན་དེ་ཀྲུང་དབྱང་རིམ་པ་དང་། ཡག་ཤོས་བྱུང་ན་རྒྱལ་སྤྱིའི་རིམ་པའི་ཛ་དྲག་གི་གནས་ཚུལ་ཆགས་ན་ཅུང་ཙམ་རེ་བ་ཡོད་རེད་བསམ་གྱི་འདུག ཡིན་ནའང་། ང་ཚོར་ནུས་པ་གང་ཡང་མེད་ཙང་ཉེས་མེད་ཉེས་འགེལ་བྱས་ནས་ཁྲིམས་ཆད་ནན་པོ་གཅོད་པ་དང་། དཔོན་རིགས་ནང་ཁུལ་ལ་གཅིག་བརྒྱབ་གཅིག་གིས་སྲུང་ནས་མི་མང་ཉམས་ཐག་ཚོར་བརྙས་བཅོས་གཏོང་གི་འདུག་ཅེས་འགྲེལ་བརྗོད་གནང་ཡོད།
སྔ་ལོ་ཟླ་ ༡༠ ཚེས་ ༢༧ ཉི་ཟི་ཁྲོན་ཞིང་ཆེན་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་ཟི་ཁྲོན་ཞིང་ཆེན་རྔ་པ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་གྱི་ཁྱུང་མཆུ་རྫོང་ཚ་རུ་མ་གྲོང་ཚོའི་གྲོང་མི་མཚོ་སྔོན་ཚེ་རིང་ལགས་སུ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཟླ་བརྒྱད་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད།
དེ་ཡང་ཁོང་ལ་སྤྱི་ཚོགས་ཀྱི་སྒྲིག་ལམ་གཏོར་བཤིག་གཏོང་མཁན་གྱི་ཉེས་པ་བཙུགས་པ་དང་། ཁོང་གིས་གྲོང་ཚོའི་ཆུ་འགྲམ་ནས་བྱེ་མ་སྔོག་འདོན་བྱེད་བཞིན་པའི་གནས་ཚུལ་ཁྱབ་བསྒྲག་བྱས་པར་དྲ་ཐོག་ནས་དོ་སྣང་ཆེན་པོ་བྱུང་རྗེས་ཁེར་རྐྱང་གཅིག་པུར་བཀག་ཉར་བྱས།
ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་གནང་མཁན་ཞིག་གིས་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ལ་འགྲེལ་བརྗོད་གནང་དོན། ཚེ་རིང་ལགས་ཁྱུང་མཆུ་རྫོང་གི་བཙོན་ཁང་ཞིག་ཏུ་བཙོན་འཇུག་བྱས་པའི་གནས་ཚུལ་ཐོན་ཡོད། རྒྱ་ནག་གཞུང་གིས་རྔ་པ་ཁུལ་དུ་ཁྱོན་ཡོངས་ནས་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་བ་དེས་ས་ཁུལ་གྱི་རྩོད་རྙོགས་ཆེ་རུ་བཏང་ཞིང་། ཚེ་རིགས་ལགས་ཀྱི་ནང་མིས་ཁོང་དང་ཐད་ཀར་འབྲེལ་བ་བྱེད་ས་མེད་སྟབས་ཁོང་གི་བདེ་འཇགས་ཐད་སེམས་ཁྲལ་བྱ་དགོས་ཆགས་པ་ཆགས་ཡོད།
ཟླ་ ༡༠ ཚེས་ ༡༤ ཉིན་མཚོ་སྔོན་ཚེ་རིང་ནས་སྐར་མ་ལྔ་ཙམ་ཡོད་པའི་བརྙན་ཐུང་ཞིག་གི་ནང་མི་ངོ་དངོས་སུ་ཐོན་ནས་ཁྱབ་བསྒྲགས་བྱས་ཏེ། ཨན་ཧུའི་ཤཱན་ཧྰ་འཛུགས་སྐྲུན་ཀུང་སིས་གཞུང་ལམ་འཛུགས་སྐྲུན་ལ་ཁ་གཡར་ནས་སྤེལ་བཞིན་པའི་གཏེར་ལས་ཀྱི་ལས་དོན་ལ་དོ་སྣང་སྤྲད་ཡོད། ཁྲིམས་འགལ་གྱི་གནས་ཚུལ་ངོ་སྤྲོད་བྱེད་སྐབས་ཁོང་གིས་རང་ཉིད་ཀྱི་ཐོབ་ཐང་ལག་འཁྱེར་བཟུང་ནས་དཔོན་རིགས་དང་ཁེ་ལས་ཚོས་ལྐོག་ཟ་རུལ་སུངས་དང་རང་འགན་བསྒྲུབ་མི་ཐུབ་པ་ཐེར་འདོན་བྱས་ཡོད།
ཁོང་གིས་བརྙན་ཐུང་ཁྱབ་གདལ་སོང་རྗེས་ཁོང་གི་ནང་མི་དང་གྲོང་མི་རྣམས་རྫོང་གཞུང་ལས་ཁང་དུ་སྐོང་འགུག་བྱས་པ་དང་། དེ་རྗེས་རང་ཁྱིམ་དུ་ལོག་རྗེས་བཀག་ཉར་བྱས་ཡོད། གནས་ཚུལ་མཁོ་སྤྲོད་པས་འགྲེལ་བརྗོད་བྱས་པ་ལྟར་ན། ཁོང་ཁྱུང་མཆུ་རྫོང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད། ཕྱི་ལོ་ ༢༠༢༣ ཟླ་ ༥ ཟླ་འགོ་ནས་བཟུང་ཨན་ཧུའི་ཞིང་ཆེན་འཛུགས་སྐྲུན་ལས་གྲྭ་ཀུང་སིས་གཞུང་ལམ་བཟོ་སྐྲུན་གྱི་མིང་ཐོག་ནས་ཚ་རུ་མ་གྲོང་ཚོའི་རྒྱུག་ཆུའི་འགྲམ་དུ་བྱེ་མ་དང་གཏེར་ཁ་སྡོག་འདོན་བྱས་པ་དེས་ས་གནས་དེ་གའི་སྐྱེ་ཁམས་འཁོར་ཡུག་ལ་གཏོར་སྐྱོན་ཤུགས་ཆེ་ཐེབས་ནས་རྒྱུག་ཆུ་བཙོག་པར་གྱུར་བ་དང་གྲོང་མིའི་སྡོད་ཁང་ལའང་ཉེན་ཁ་འཕྲད་བཞིན་ཡོད།
གྲོང་མི་འགའ་ཤས་ཀྱིས་ཚ་རུ་མ་གྲོང་ལྷན་དང་། རྫོང་སྒྲིག་བཤེར་ལྷན་ཁང་། རྫོང་འཁོར་ཡུག་ཅུས། རྫོང་ཆུ་དོན་ཅུས། རྔ་པ་ཁུལ་ཆུ་དོན་ཅུས་དང་འཁོར་ཡུག་སྲུང་སྐྱོབ་ཚན་པ་བཅས་ལ་གོང་གཏུགས་བྱས་ཏེ་འཁོར་ཡུག་གཏོང་སྐྱོན་ཐེབས་པ་དང་། ས་ཆུ་ཤོར་བ། མང་ཚོགས་ཀྱི་སྡོད་ཁང་ལ་ཉེན་ཁ་ཡོད་པ་འགྲེལ་བརྗོད་བྱས་ཡོད། ས་གནས་དེ་གར་གནོད་སྐྱོན་ཇི་ལྟར་བྱུང་བའི་པར་རིས་དང་བརྙན་ཐུང་སོགས་བསྟན་ཡོད་ཀྱང་འབྲེལ་ཡོད་ཚན་པས་དགོས་ངེས་ཀྱི་བྱ་སྤྱོད་དང་ལན་འདེབས་གང་ཡང་བྱས་མེད། ཡིན་ནའང་། རྒྱ་ནག་གི་སྤྱི་ཚོགས་དྲ་རྒྱའི་ཐོག་གནས་ཚུལ་ཁྱབ་གདལ་འགྲོ་བཞིན་ཡོད་སྟབས། རྫོང་སྐྱེ་ཁམས་འཁོར་ཡུག་ཅུས་ནས་གནད་དོན་དེ་ལ་ཞིབ་བཤེར་བྱ་རྒྱུ་ཡིན་ཞེས་ལན་འདེབས་བྱེད་དགོས་བྱུང་།
ཚེ་རིང་དང་བོད་མི་གཞན་དག་ཚོས་ཚ་རུ་མ་གྲོང་ལྷན་དང་རྫོང་སྲིད་གཞུང་ལ་འབོད་སྐུལ་ཡང་ཡང་ཞུས་ཀྱང་ས་གནས་དེ་གའི་གཏེར་ཁ་སྔོག་འདོན་གྱི་གནད་དོན་སྔར་བཞིན་ཐག་གཅོད་བྱུང་མེད།
ཁོང་གི་བརྙན་ཐུང་ནང་འཁོར་ཡུག་སྲུང་སྐྱོབ་ཀྱི་སྲིད་ཇུས་བཏོན་ནས་ལོ་མང་སོང་ཡོད། ཡིན་ནའང་སྲིད་ཇུས་ལག་བསྟར་བྱེད་སྐབས་གནད་དོན་ལྷག་ཡོད་ལུགས་འགྲེལ་བརྗོད་བྱས་ཡོད། ཕྱི་ལོ་ ༢༠༢༤ ཟླ་ ༤ པར་རྫོང་འཁོར་ཡུག་ཅུས་ནས་ཡིག་ཐོག་ལན་འདེབས་བྱས་པར་གཞིགས་ན། འཛུགས་སྐྲུན་ཀུང་སི་དེས་ཁྲིམས་འགལ་གྱིས་བྱེ་མ་དང་གཏེར་ཁ་སྔོག་འདོན་བྱས་པར་ཁས་ལེན་བྱས་ཡོད་ཀྱང་། དོན་དངོས་ཐོག་བྱ་སྤྱོད་དེ་ནི་གྱོད་གཞི་དེ་གང་མགྱོགས་སྒོ་བརྒྱབ་ནས་ཀུང་སིའི་ཁྲིམས་འགལ་གྱི་བྱ་སྤྱོད་འགེབས་སྲུང་བྱེད་པའི་བྱ་ཐབས་ཙམ་ཞིག་རེད།