ཕྱི་ལོ་ ༢༠༡༢ ཟླ་ ༡༡ ཚེས་ ༢༣ ཉིན། རྒྱ་གཞུང་གིས་བོད་ས་བཅད་བགོས་ཀྱི་ས་ཁོངས་ལྟར་བྱས་ན། བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་འབྲི་རུ་རྫོང་ཚྭ་ཆུ་ཞང་ཏོ་ཐོ་གྲོང་ནས་ཡིན་པའི་དགེ་བའི་བཤེས་གཉེན་ངག་དབང་འཇམ་དབྱངས་ལགས་ལྷ་ས་ནས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་ལྟར། ཁོང་བཀག་ཉར་འོག་མནར་གཅོད་དྲག་པོ་བཏང་སྟེ་རྐྱེན་ལམ་དུ་བཏང་རྗེས། ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་ཁོང་གི་སྐུ་ཕུང་ཕྱིར་ནང་མིར་སྤྲད་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༣ ཉིན། རྒྱ་གཞུང་གིས་དྲག་པོའི་བཙན་གནོན་འོག་ལྟར་མོས་དགོན་པ་སྒོ་བརྒྱབ་པ་དང་། ལྷ་ས་ནས་དགེ་བའི་བཤེས་མཉེན་ངག་དབང་འཇམ་དབྱངས་ལགས་དང་། ལྟར་མོས་དགོན་གྱི་གྲྭ་སྐལ་བཟང་ཕྱོགས་གླང་། གཞན་པའི་གྲྭ་པ་གཅིག་བཅས་མི་གསུམ་འཇུ་འཛིན་བཟུང་བཙན་འཁྲིད་བྱས་པ་མ་ཟད། ལྟར་མོས་དགོན་དུ་དམག་མི་ཕོན་ཆེན་བཏང་སྟེ་དགོན་པའི་ནང་ཡོངས་རྫོགས་བསྔོགས་བཤེར་དང་། ལྷག་པར་དུ་ངག་དབང་འཇམ་དབྱངས་ལགས་ཀྱི་གཟིམ་ཁང་ནང་བསྔོགས་ཏེ་གློག་ཀླད་གཉིས་ཀྱང་བཙན་འཕྲོག་བྱས་ཡོད་པ་རེད།
ལྷ་ས་ནས་ཁོང་གསུམ་འཇུ་བཟུང་བྱས་རྗེས། རྒྱ་གཞུང་གིས་ནང་མི་རྣམས་ལ་ཁོང་ཚོ་ཉེས་མིང་ཅི་ཞིག་འོག་འཇུ་བཟུང་བྱས་མིན་དང་། ས་གནས་གང་ཞིག་ཏུ་བཀག་ཉར་བྱས་ཡོད་མེད་གསལ་བཤད་གང་མ་བྱས་པར། ཟླ་གཅིག་ཙམ་རིང་གར་སོང་ཆ་མེད་དུ་གྱུར་མཐར། ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་རྒྱ་གཞུང་གིས་དགེ་བཤེས་ངག་དབང་འཇམ་དབྱངས་ལགས། བཀག་ཉར་འོག་གཅར་རྡུང་མནར་གཅོད་དྲག་པོ་བཏང་སྟེ་རྐྱེན་ལམ་དུ་བཏང་རྗེས། ཁོང་གི་སྐུ་ཕུང་ཕྱིར་ནང་མིར་སྤྲད་ཡོད་སྟབས། འབྲེལ་ཡོད་ནང་མིས་ཁོང་གི་སྐུ་ཕུང་སེ་ར་དགོན་པའི་དུར་ཁྲོད་དུ་ཞུགས་འབུལ་བྱས་འདུག སྐུ་ཕུང་ནང་མིར་སྤྲོད་སྐབས་ཀྱང་རྒྱ་གཞུང་འབྲེལ་ཡོད་མི་སྣས་གལ་སྲིད་གནས་ཚུལ་དེ་ཕྱིར་བསྒྲགས་བྱས་ཚེ། གནས་ཚུལ་ཕྱིར་སྒྲོག་བྱ་མཁན་རྣམས་དམར་གསོད་གཏོང་རྒྱུ་ཡིན་སྐོར་འཇིགས་སྐུལ་བྱས་ཡོད་འདུག
དགེ་བའི་བཤེས་གཉེན་ངག་དབང་འཇམ་དབྱངས་ལགས་ནི། བོད་མི་རིགས་ཀྱི་ཆོས་དང་རིག་གནས་ལ་དུང་བ་ཟབ་པ་དང་ཞབས་འདེགས་སྒྲུབ་མཁན་ཞིག་ཆགས་ཡོད་སྟབས། རྒྱ་གཞུང་གིས་སྔ་རྗེས་བར་གསུམ་དུ་ཁོང་མེད་བརླག་བཟོ་རྒྱུའི་ཐབས་ཤེས་རིམ་པར་བྱས་ཡོད་པ་རེད། ཕྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་སྐབས་སུའང་། ཕྱི་ཕྱོགས་ལ་འབྲེལ་བ་ཡོད་པའི་ཉེས་མིང་བཙུགས་ཏེ། ཁོང་ལོ་ ༢ རིང་འཇུ་བཟུང་བཙོན་འཇུག་གིས་མནར་གཅོད་བཏང་ཡོད་པ་རེད། ཡིན་ནའང་། བཙོན་གྲོལ་ཐོབ་རྗེས་དགེ་བའི་བཤེས་གཉེན་ཁོང་གིས་ཆོས་གླིང་དགོན་དུ་མཚན་ཉིད་རིག་གནས་ཀྱི་དགེ་རྒན་གྱི་ཕྱག་ལས་གནང་བ་དང་། ལྟར་མོས་དགོན་དུ་སྐྱ་སེར་དབྱེར་མེད་ཀྱི་མཚན་ཉིད་བཤད་གྲྭ་བཙུགས་ཏེ། སློབ་མ་སུམ་བརྒྱ་ལྷག་ལ་བོད་ཀྱི་ཆོས་དང་བརྡ་སྤྲོད་རིག་གནས་སློབ་ཁྲིད་གནང་ཡོད་ལ། དགོན་པ་དང་གྲོང་སྡེ་མང་པོར་ནང་ཆོས་དང་བོད་ཀྱི་རིག་གཞུང་ངོ་སྤྲོད་མཛད་པ་སོགས། བོད་ཀྱི་ཆོས་དང་རིག་གཞུང་སྤྱི་ལ་ཞབས་འདེགས་བླ་མེད་སྒྲུབ་ཡོད་པ་རེད།
ལྷག་པར་དུ་ཁམས་ནགས་ཤོད་འབྲི་རུའི་ཡུལ་དུ། གཞོན་སྐྱེས་གཙོས་ཡུལ་མི་རྣམས་ལ་ཤོ་སྦག་རྒྱན་འཇོག་མི་བྱེད་པ་དང་། གྲོང་དང་ཡུལ་སྡེ་ཕན་ཚུན་བར་འཁྲུགས་རྩོད་མི་བྱེད་པའི་དམ་བཀའ་འཇོག་བཅུགས་པ་སོགས། ས་གནས་བོད་རིགས་མི་མང་ལ་ཕན་པའི་མཛད་འཕྲིན་མང་པོ་བསྐྱངས་ཡོད་པ་རེད། དེ་བཞིན། ས་གནས་ཡུལ་མི་ཀུན་གྱིས་ཁོང་ལ་དད་གུས་ཆེན་པོ་བྱེད་བཞིན་ཡོད་པར་བརྟེན། རྒྱ་གཞུང་གིས་ཁོང་ནི་བོད་ལ་ཕན་རླབས་ཆེ་ཤིང་བོད་རིགས་མང་ཚོགས་ཁྲོད་ཤུགས་རྐྱེན་ལྡན་པའི་མི་ཞིག་ཡིན་པ་མཐོང་སྟེ། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ༢༣ ཉིན་རྒྱ་གཞུང་གིས་ལྟར་མོས་དགོན་པ་སྒོ་བརྒྱབ་པ་མ་ཟད། དགེ་བཤེས་ངག་དབང་འཇམ་དབྱངས་དང་ལྟར་མོས་དགོན་གྱི་གྲྭ་སྐལ་བཟང་ཕྱོགས་གླང་། གཞན་པའི་གྲྭ་གཅིག་བཅས་མི་གསུམ་བཅས། བོད་ཀྱི་རྒྱལ་ས་ལྷ་ནས་འཇུ་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། ཕྱི་ཟླ་ ༡༢ ཚེས་ ༡༧ ཉིན་དགེ་བཤེས་ངག་དབང་འཇམ་དབྱངས་ལགས་རྐྱེན་ལམ་དུ་བཏང་རྗེས། ཁོང་གི་སྐུ་ཕུང་ཕྱིར་ནང་མིར་སྤྲད་ཡོད་འདུག གྲྭ་སྐལ་བཟང་ཕྱོགས་གླང་དང་གཞན་པའི་གྲྭ་དེ་གཉིས་ཀྱི་འཆི་གསོན་གནས་ཚུལ་གང་ཡང་ད་དུང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།
དགེ་བའི་བཤེས་གཉེན་དབང་པོ་ངག་དབང་འཇམ་དབྱངས་ལགས་ནི། ཕྱི་ལོ་ ༡༩༦༨ ལོར་མདོ་ཁམས་ནགས་ཤོད་འབྲི་རུའི་ཡུལ་ཏོ་ཐོ་གྲོང་དུ་སྐྱེས། ༡༩༨༧ ལོར་ལྟར་མོས་དགོན་དུ་སྒྲིག་ཞུགས་མཛད། ༡༩༨༩ ལོར་འཕགས་ཡུལ་དུ་འབྱོར་ནས་སེར་བྱེས་གྲྭ་ཚང་དུ་ཞུགས་ཏེ། མི་ལོ་བཅུ་དགུའི་རིང་ནང་ཆོས་གཙོ་བོར་བྱས་པའི་ཐོག ༸གོང་ས་མཆོག་གི་དགོངས་གཞི་དང་བཀའ་འབྲེལ་བཞིན་ཚན་རིག་ཟབ་སྦྱོང་ལ་ལོ་མང་ཕྱིན་པ་སོགས་གནའ་དེང་གི་རིག་པའི་གནས་རྣམས་ལ་ཞིབ་ཏུ་སྦྱངས། གྲྭ་ཚང་གི་རྒྱུགས་སྤྲོད་སྐབས་རྩེ་ཕུད་ཀྱི་མཚན་གནས་འབའ་ཞིག་བཞེས་ཤིང་། རང་ཤག་ཏུ་སློབ་མ་མང་པོ་ལ་དཔེ་ཁྲིད་གནང་བ་དང་། འབྲི་རུ་ཞབས་དྲུང་རིན་པོ་ཆེ་བསྟན་འཛིན་མཁས་གྲུབ་མཆོག་གི་མཚན་ཞབས་ལོ་མང་གནང་། གཞན་ཡང་རིགས་ཆུང་ཚོགས་ལང་དང་འཇང་དགུན་ཆོས་སྐབས་དམ་བཅའ་ཆེན་མོ་བཞུགས་པ་དང་། གྲྭ་ཚང་གི་འཛིན་གྲྭ་ཐོན་མཚམས་དགེ་ལུགས་རྒྱུགས་སྤྲོད་ཆེན་མོར་ཕྱིན་ནས། ཀ་རམས་ལོ་རིམ་གཉིས་ལ་ཨང་གཉིས་པ་དང་གསུམ་པའི་མཚན་གནས་བཞེས། ཕྱི་ལོ་ ༢༠༠༧ ལོར་རང་ཡུལ་དུ་ཕེབས་ཏེ་ནང་པའི་ཆོས་དང་། བོད་ཀྱི་རིག་གཞུང་མི་ཉམས་གོང་འཕེལ་ཉམས་པ་སླར་གསོའི་ཆེད་མཛད་འཕྲིན་རྒྱ་ཆེན་པོ་བསྐྱངས་མཐར། རྒྱ་གཞུང་གིས་ཉེ་ཆར་འཇུ་བཟུང་བཀག་ཉར་འོག་མནར་གཅོད་དྲག་པོ་བཏང་སྟེ་རྐྱེན་ལམ་དུ་ཕྱིན་ཡོད་པ་རེད།
དེ་བཞིན། ད་ལྟའི་ཆར་ལྟར་མོས་དགོན་གྲོང་གཉིས་སུ་རྒྱ་གཞུང་གིས་དམག་མི་ཕོན་ཆེན་འགྲེམས་འཇོག་གིས། གྲྭ་ཤག་དང་ཁྱིམ་ཚང་རེ་རེ་བཞིན་བསྔོགས་བཤེར་གྱིས་ཅ་དངོས་མང་པོ་བཙན་འཕྲོག་དང་། སྐྱ་སེར་གཉིས་ལ་བཀག་སྡོམ་དྲག་གནོན་ཤུགས་ཆེན་པོ་བྱེད་བཞིན་ཡོད་འདུག