འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༤ ཟླ་ ༡༡ ཚེས་ ༣ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༩ དང་ཕྱེད་ཀའི་ཐོག རྔ་བ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས་ཁྲིམས་ར་འཚོགས་ཏེ་མི་བསད་ཀྱི་ཉེས་འཛུགས་འོག བོད་མི་སྒྲོལ་མ་མཚོར་ལོ་ ༣ དང་། དཀོན་མཆོག་བློ་གྲོས་ལ་ལོ་ ༣ ། དགེ་འདུན་འཕེལ་རྒྱས་ལ་ལོ་ ༢ བཅས་ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག
གནས་ཚུལ་དེའི་བྱུང་རྐྱེན་བརྒྱུད་རིམ་ནི། ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༡༢ ཚེས་ ༣ ཉིན་རྔ་བ་རྫོང་རྨེའུ་རུ་མའི་ཡུལ་ཚོ་གསེར་སྡེ་ནས། བོད་མི་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་རྗེས། རྒྱ་གཞུང་གིས་གནས་ཚུལ་དེར་རྐྱེན་བྱས་ཏེ་རྨེའུ་རུ་མའི་ཡུལ་མི་ ༢༠ ལྷག་འཇུ་བཟུང་བཀག་ཉར་བྱས་ཡོད་ཀྱང་། མི་ཁག་ཅིག་ཉིན་བཅུ་གྲངས་འགའ་ཤས་རིང་བཀག་ཉར་གཅར་རྡུང་བྱས་མཐར་རིམ་པར་གློད་ཡོད་པ་རེད། ཡིན་ནའང་། དེའི་ཁྲོད་ནས་སྒྲོལ་མ་མཚོ་དང་དཀོན་མཆོག་བློ་གྲོས། དགེ་འདུན་འཕེལ་རྒྱས། གྲྭ་བློ་བཟང་རྒྱ་མཚོ། གྲྭ་བསྟན་པ་བཅས་མི་ ༡༠ ལ་ནག་ཉེས་ལྕི་མོ་བཀལ་ཏེ་ད་ལྟའི་བར་བཀག་ཉར་གྱིས་ཟླ་ ༡༡ ལྷག་ཕྱིན་ཡོད་པ་དང་། ཉེ་ཆར་ཁྲིམས་ར་འཚོགས་ཏེ་ཁོང་ཚོའི་ཁྲོད་ནས་སྒྲོལ་མ་མཚོ་དང་དཀོན་མཆོག་བློ་གྲོས། དགེ་འདུན་འཕེལ་རྒྱས་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ་རེད།
རྒྱ་གཞུང་གིས་མི་གསོད་ཉེས་མིང་འོག་ལོ་ ༣ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བོད་རིགས་བུད་མེད་སྒྲོལ་མ་མཚོ་ལགས་ནི། རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པའི་དགེ་རིག་ཚང་གི་ཡིན་པ་དང་། སྔར་ལོ་རྨེའུ་རུ་མའི་དཀོན་མཆོག་ཚེ་བརྟན་ལགས་ཀྱིས་རང་ལུས་མེར་བསྲེགས་ཀྱི་རྒྱ་གཞུང་ལ་ངོ་རྒོལ་གྱིས་འདས་གྲོངས་སྐབས། ཁོ་མོས་ཁོང་གི་སྐུ་ཕུང་རླངས་འཁོར་ནང་འཇོག་རོགས་བྱས་པར་བརྟེན་ནས། རྒྱ་གཞུང་གིས་མི་གསོད་ཀྱི་ཉེས་མིང་བཀལ་ཏེ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད།
ཁྲིམས་བཤེར་སྐབས་རྒྱ་གཞུང་གིས་ཁོ་མོར་མི་བསད་པའི་ཉེས་པ་ངོས་ལེན་བྱས་ཚེ་ཁྲིམས་ཐག་ཇེ་ཉུང་དང་། མ་འོངས་པར་འགྲོ་འདུག་སྤྱོད་གསུམ་གང་ཐད་ནས་གུ་ཡངས་གཏོང་ཆོག་སྐོར་བསླུ་འཁྲིད་བཙན་སྐུལ་བྱས་ཡོད་ཀྱང་། ཁོང་མོས་དེ་ལས་ལྡོག་སྟེ་ཁྲིམས་ར་ནང་སྐད་ཤུགས་ཆེན་པོའི་སྒོ་ནས། ༼ངས་དཀོན་མཆོག་ཚེ་བརྟན་ལགས་ཀྱི་སྐུ་ཕུང་ལ་ལག་པ་འཆང་སྐབས་སྐུ་ལུས་མེར་སྲེག་བཏང་ནས་གྲོངས་ཟིན་འདུག ཁོང་གི་སྐུ་ཕུང་རླངས་འཁོར་ནང་བཞག་པ་ལས་མི་བསད་པའི་ནག་ཉེས་གང་ཡང་བྱས་མེད། སྐབས་དེར་ང་རང་གཅིག་པུ་མ་གཏོགས་གཞན་མི་སུ་ཡང་མེད། ཁྱོད་ཚོས་ང་ལ་ཟླ་བ་མང་པོའི་རིང་བཙན་ཤེད་ཀྱིས་ཁྲིམས་བཤེར་རབ་དང་རིམ་པ་བྱེད་སྐབས་བརྗོད་ཟིན་པ་ལྟར། ང་རང་ཉིད་ཀྱི་ལངས་ཕྱོགས་ལ་འགྱུར་བ་གང་ཡང་མེད། ༽ཅེས་བརྗོད་ཡོད་འདུག
དེ་བཞིན། མི་གསོད་ཉེས་མིང་འོག་ལོ་ ༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བོད་མི་དཀོན་མཆོག་བློ་གྲོས་ལགས་ནི། རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་གཉིས་པའི་གོ་ཚེ་གི་ཡིན་པ་དང་། མི་གསོད་ཉེས་མིང་འོག་ལོ་ ༢ བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་བོད་མི་དགེ་འདུན་འཕེལ་རྒྱས་ལགས་ནི། རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་རུ་ཆེན་བཞི་བའི་མར་ལི་ཚང་གི་ཡིན་པ་རེད།
གཞན་ཡང་། ཐེངས་འདིར་ཁྲིམས་ར་འཚོགས་སྐབས། རྨེའུ་རུ་མའི་རུ་ཆེན་གཉིས་པའི་སྒྲོལ་མཚོ་ཚང་གི་ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བསྟན་པ་དང་། རྨེའུ་རུ་མའི་རུ་ཆེན་གཉིས་པའི་ཞི་ཆུང་ཚང་གི་ཡིན་པའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་རྒྱ་མཚོ་གཉིས་ཀྱང་ཁྲིམས་རར་ཁྲིད་ཡོང་ཡོད་ཀྱང་། གནས་སྐབས་ཁྲིམས་ཐག་བཅད་པའི་གསལ་བསྒྲགས་གང་ཡང་བྱས་མེད་པ་རེད། དེ་འཕྲོས་ཀྱི་འཇུ་བཟུང་བཀག་ཉར་འོག་ཡོད་པའི་མི་ལྔ་པོ་ཡང་། རྔ་བ་རྫོང་རྨེའུ་རུ་མ་ཡུལ་ཚོའི་ཡིན་པ་ཙམ་ལས། ཁོང་ཚོའི་མིང་དང་ནང་མི་སོགས་ཀྱི་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་མི་འདུག ཡིན་ནའང་། ཁོང་ཚོ་ད་དུང་བཀག་ཉར་འོག་མུ་མཐུད་གནས་ཡོད་པ་རེད།
སི་ཁྲོན་ཞིང་ཆེན་རྔ་བ་རྫོང་མི་དམངས་ཁྲིམས་ཁང་ཟེར་བས། ཕྱི་ལོ་ ༢༠༡༤ ཟླ་ ༡༠ ཚེས་ ༣༠ ཉིན་སྤྱི་བསྒྲགས་ཤིག་སྤེལ་བའི་ནང་།༼རྔ་བ་རྫོང་མི་དམངས་ཞིབ་དཔྱད་ཁང་གི་གཞུང་ཕྱོགས་ནས་ཁྲིམས་སྦྱོར་ཞུ་བས་གྱོད་ཡ་དཀོན་མཆོག་བློ་གྲོས་དང་། སྒྲོན་ཁོ། དགེ་འདུན་འཕེལ་རྒྱས་སོགས་བསམ་བཞིན་མི་གསོད་ནག་ཉེས་ཀྱི་གྱོད་གཞི་འདི། ངེད་རྔ་བ་རྫོང་མི་དམངས་ཁྲིམས་ཁང་གི་སྤྱི་ལོ་ ༢༠༡༤ ལོའི་ཟླ་ ༡༠ བའི་ཚེས་ ༣༠ ཉིན་སྔ་དྲོ་ཆུ་ཚོད་ ༩ དང་སྐར་མ་ ༣༠ སྟེང་ཁྲིམས་ར་དང་པོ་ནས་ཡོངས་བསྒྲགས་ཁྲིམས་ས་འཚོགས་ནས་ཞིབ་གཅོད་བྱེད་རྒྱུ།༽ཞེས་བཀོད་འདུག འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་བརྗོད་པ་ལྟར་ན། རྒྱ་གཞུང་གིས་ཁྲིམས་ར་འཚོགས་སྐབས་མི་ཚང་རེ་ནས་ནང་མི་བཞི་རེ་ཟུར་ཉན་དུ་བཅར་བཅུགས་ཡོད་ཀྱང་། ཁྲིམས་བཤེར་སྐབས་ཧ་ཅང་དོ་དམ་ནན་མོས་སྒོ་ནས་ལྟ་རྟོགས་དང་། ཁྲིམས་ར་བཅར་མཁན་ནང་མི་རྣམས་ཀྱི་མིང་དང་ཐོབ་ཐང་ལག་འཁྱེར། དེ་བཞིན། མི་རེ་རེའི་ཁ་པར་སོགས་ཐོ་འགོད་ཐོག་ཞིབ་བཤེར་བཀག་སྡོམ་ནན་མོ་བྱས་ཡོད་འདུག
རྒྱ་གཞུང་གིས་མི་བསད་པའི་ཉེས་མིང་འོག་ལོ་ ༣ ཀྱི་བཙོན་འཇུག་ཁྲིམས་བཅད་པའི་བོད་མོ་སྒྲོལ་མ་མཚོའི་ཕ་མ་གཅིག་པའི་མིང་པོ་ཡིན་པ། བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་དྲུང་ཟུར་རྨེའུ་དཀོན་རྒྱམ་ལགས་ཀྱིས་ཁོ་མོར་བཙོན་ཐག་བཅད་པའི་ཐད་ལ། ༼ཁོ་ཚང་ལ་མཚོན་ན་མི་ཐོག་གསུམ་ལ་རྒྱ་གཞུང་གི་དྲག་གནོན་མནར་གཅོད་མྱོང་དགོས་བྱུང་ཡོད། ངའི་ཨ་མྱེས་དགེ་པད་ལི་ལགས་ལ་རྒྱ་གཞུང་གིས་ལོ་ ༩ ཁྲིམས་ཐག་བཅད་དེ་བཙོན་ཁང་ནང་འདས་གྲོངས་ཕྱིན་ཡོད་པ་དང་། ངའི་རྨོ་མོ་བསོད་ནམས་སྐྱིད་ལ་ནག་ཉེས་ཀྱི་ཞྭ་མོ་དཀོན་ཏེ་གཅར་རྡུང་འཐབ་རྩོད་ཁྲོད་གྲོངས་ཡོད། ངའི་ཕ་དགེ་རིག་ལགས་ལ། ཕྱི་ལོ་ ༡༩༩༨ ཟླ་ ༣ ཚེས་ ༢༣ ཉིན་རྒྱ་གཞུང་གིས་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་སྤེལ་སྐབས། བོད་དོན་དང་འབྲེལ་བའི་ཡི་གེ་སྦྱར་འགྲེམས་བྱས་པའི་ཉེས་མིང་འོག ཟླ་གཅིག་ལྷག་རིང་བཀག་ཉར་གཅར་རྡུང་དང་། དེ་བཞིན། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༧ ཉིན་བོད་གནས་ཕྱིར་བསྒྲགས་ཀྱི་ཉེས་མིང་འོག་འཇུ་བཟུང་གཅར་རྡུང་། ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༩ ཉིན་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་ལགས་ཀྱི་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཕྱིར་བསྒྲགས་བྱས་པའི་ཉེས་མིང་འོག ལོ་གཅིག་ལྷག་འཇུ་བཟུང་བཀག་ཉར་གྱི་གཅར་རྡུང་བཅས་སྔ་ཕྱིར་ཐེངས་ ༣ མནར་གཅོད་བཏང་པ་མ་ཟད། ཉེ་ཆར་ངའི་ནུ་མོ་སྒྲོལ་མ་མཚོ་ལའང་མི་བསད་པའི་ཉེས་འཛུགས་འོག་འདི་ལྟར་ཁྲིམས་བཅད་པ་རེད། ངེད་ཚང་གི་མི་ཐོག་གསུམ་ལ་རྒྱ་གཞུང་གིས་དྲག་གནོན་མནར་གཅོད་བཏང་ཡོད། གནས་ཚུལ་ངེད་གཅིག་པུ་ཙམ་མ་ཡིན་པར་བོད་མི་ཚང་མས་མི་ཐོག་ནས་མི་ཐོག་བརྒྱུད་དེ། རྒྱ་གཞུང་གི་དྲག་གནོན་སྲིད་ཇུས་འོག་མནར་གཅོད་མྱོང་བཞིན་པ་གསལ་འདོན་བྱས་ཡོད་པ་རེད།༽ཅེས་བརྗོད་བྱུང་།