འདི་ག་ལྟེ་གནས་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་དུ་ཞུ་གཏུག་ལས་གཞི་ལེགས་པར་གྲུབ།

ཉེ་ལམ་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འཛིན་སྐྱོང་འགན་འཛིན་བསྟན་འཛིན་ཟླ་བ་ལགས་དང་། ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་རྣམ་གཉིས་སུད་སི་ཇེ་ནི་ཝར་ཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་ཆེན་ཐེངས་ ༥༤ པར་མཉམ་ཞུགས་གནང་སྟེ། ཚོགས་ཐོག་ཏུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་སྙན་སྒྲོན་ཞུས་པ་དང་། ཟུར་སྤེལ་ལས་རིམ་འདྲ་མིན་ནང་མཉམ་ཞུགས་བྱས་ཐོག་རྒྱལ་ཁབ་དུ་མའི་འབྲེལ་ཡོད་སྐུ་ཚབ་དང་། དུས་རྒྱུན་མཉམ་ལས་བྱེད་མཁན་གྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་བཅས་སུ་ཐུག་འཕྲད་དང་གྲོས་མོལ་བྱས་ཡོད།

ད་ལན་གྱི་ཞུ་གཏུག་ལས་འགུལ་དེས་ལོ་རྗེས་མ་ ༢༠༢༤ ལོའི་ཕྱི་ཟླ་དང་པོའི་ནང་དུ་མཉམ་འབྲེལ་རྒྱལ་ཚོགས་ནས་རྒྱ་ནག་གི་འོག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཐད་རེས་འཁོར་ཞིབ་བཤེར་Universal Periodic Review (UPR) ཐེངས་བཞི་པ་བྱ་རྒྱུའི་དུས་ལ་བབ་ཡོད་པར་བརྟེན། རྒྱ་གཞུང་གིས་ངོས་ནས་བོད་ནང་དུ་འགྲོ་བ་མིའི་ཐོབ་ཐང་དང་འགལ་བའི་གདུག་རྩུབ་རང་བཞིན་གྱི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པར་གཙོ་འདོན་ཡོང་ཐབས་བྱས་ཡོད།

ཞུ་གཏུག་ལས་འགུལ་དེའི་ནང་གཙོ་བོ་རྒྱ་ནག་གཞུང་གིས་བོད་ནང་གི་ཆོས་དད་རང་དབང་རྡོག་རོལ་གཏོང་བཞིན་པའི་གནད་དོན་དང་། བོད་ཀྱི་སྐད་ཡིག་ལ་འཆར་གཞི་ལྡན་པའི་ལམ་ནས་ཉམས་རྒུད་གཏོང་བཞིན་པའི་སྐོར། དེ་བཞིན་བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་རྡོག་རོལ་ཚབས་ཆེན་བཏང་སྟེ་བོད་མི་མང་དག་ཅིག་འཇུ་བཟུང་བཙན་ཁྲིད་ཀྱིས་རྒྱུན་ལྡན་གྱི་ཁྲིམས་བཤེར་དང་། རང་དབང་ལྡན་པའི་ཁྲིམས་རྩོད་པ་གླ་རྒྱུ་སོགས་ཀྱི་ཐོབ་ཐང་རྩ་ནས་སྤྲོད་ཀྱི་མེད་པའི་སྐོར་དང་། དེ་བཞིན་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་སློང་བྱས་ཡོད།

མ་ཟད་རྒྱ་ནག་གིས་ཁྲིམས་འགལ་ཐོག་གསང་ཞིབ་ས་ཚུགས་སོགས་སུ་བོད་ཀྱི་ཆབ་སྲིད་བཙོན་པ་མང་དག་ཅིག་བཀག་ཉར་བྱས་ཏེ། རྡུང་རྡེག་མནར་གཅོད་དང་། བཙན་དབང་འོག་གར་སོང་ཆ་མེད་ཀྱི་གནས་སུ་སྐྱེལ་བཞིན་ཡོད་པའི་གནས་ཚུལ་དང་། རྒྱ་གཞུང་གིས་དེང་གི་ཆར་རང་དབང་རྒྱལ་ཁབ་མང་པོའི་ནང་དུའང་རྣམ་པ་འདྲ་མིན་གྱི་ལམ་ནས་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་གྱི་ལས་འགུལ་སྤེལ་ཏེ་བཙན་བྱོལ་བོད་མི་ཚོའི་ཁ་འགོག་བྱེད་བཞིན་ཡོད་པའི་སྐོར་གྱི་གནས་ཚུལ་ཡང་འགྲེལ་བརྗོད་བྱས་ཡོད།

ཕྱི་ཟླ་ ༩ པའི་ཚེས་ ༢༧ ཉིན་ལྟེ་གནས་ཁང་གི་ཉམས་ཞིབ་པ་ངག་དབང་ལུང་རྟོགས་ལགས་ཀྱིས་ Asian Dignity Initiative ཨེ་ཤི་ཡའི་ཆེ་མཐོང་ཚོགས་པའི་མིང་ཐོག་ནས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གི་ཚོགས་འདུའི་ཁར་བསྒྲགས་གཏམ་སྙན་སྒྲོན་ཞུས་ཡོད།

བསྒྲགས་གཏམ་གྱི་ནང་དོན།

བཀུར་འོས་པའི་དབུ་འཛིན་མཆོག

ཨེ་ཤི་ཡའི་ཆེ་མཐོང་ཚོགས་པའི་ངོས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་སྡུག་ཏུ་འགྲོ་བཞིན་པར་སེམས་འཚབ་ཆེན་པོ་ཡོད། ཉེ་བའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་སྨྲ་བརྗོད་རང་དབང་དང་། འདུ་འཛོམས་རང་དབང་། ཆོས་དད་རང་དབང་། རིག་གཞུང་གཅེས་འཛིན་གྱི་ཐོབ་ཐང་སོགས་ལ་བརྩིས་མེད་རྡོག་རོལ་བཏང་སྟེ་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་ཚུལ་མིན་ལུགས་མིན་གྱི་ཚོད་འཛིན་བྱེད་བཞིན་འདུག

མ་ཟད་བཙན་བྱོལ་དུ་སླེབས་པའི་བོད་མི་ལས་འགུལ་བ་ཚོ་ལའང་རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་སྤེལ་བའི་རྒྱལ་མཚམས་ལས་བརྒལ་བའི་གཉའ་གནོན་གྱི་ལས་འགུལ་དེའི་ཤུགས་རྐྱེན་འོག་དཀའ་ཁག་འབྱུང་མུས་རེད་འདུག རྒྱ་ནག་གཞུང་གིས་ཐབས་ཤེས་འདྲ་མིན་གྱི་ལམ་ནས་རང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་དང་ལག་བསྟར་ཐེར་འདོན་བྱེད་མཁན་གྱི་བཙན་བྱོལ་བོད་མི་ཚོའང་གྲགས་འགུལ་མེད་པ་བཟོ་ཐབས་བྱེད་བཞིན་འདུག

ཁོང་ཅག་བོད་ནང་ཕ་མ་གཉེན་ཉེ་སོགས་དང་འབྲེལ་ཐག་གཅོད་ཐབས་བྱེད་པ་དང་། རྣམ་པ་འདྲ་མིན་གྱི་ལམ་ནས་འཇིགས་སྐུལ་དང་། སུན་བཙིར་བྱེད་པ་མ་ཟད། ལས་འགུལ་སྤེལ་མཚམས་མ་བཞག་ན་ཤུལ་དུ་ལུས་པའི་ནང་མི་ལའང་གནོད་སྐྱེལ་ཉེན་ཡོད་པ་སོགས་ཀྱི་ཉེན་བརྡ་གཏོང་བཞིན་པའི་གནས་ཚུལ་བྱུང་བ་མ་ཟད། བཙན་བྱོལ་བོད་མིར་འབྲེལ་བ་བྱས་པའི་རྐྱེན་གྱིས་བོད་ནང་གི་བོད་མི་མི་ཉུང་བ་ཞིག་དངོས་སུ་འཇུ་བཟུང་བཙན་ཁྲིད་བྱས་པའི་གནས་ཚུལ་ཡང་བྱུང་དང་འབྱུང་མུས་རེད།

ལྷག་དོན་དུ། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་མང་དག་ཅིག་འཇུ་བཟུང་བཙན་ཁྲིད་བྱས་ཏེ། དྲང་བདེན་ཁྲིམས་བཤེར་གྱི་ཐོབ་ཐང་དང་། ཁྲིམས་རྩོད་པ་གླ་རྒྱའི་ཐོབ་ཐང་སོགས་རྩ་ནས་མི་སྤྲོད་པ་མ་ཟད། བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སུ་སྐྱེལ་བཞིན་ཡོད་པ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱི་མིང་ཐོ་རྒྱ་ནག་གི་ཡོངས་ཁྱབ་བཙོན་པའི་ཐོ་གཞུང་ནས་བཏོན་སྟེ་ཤུལ་ཙམ་ཡང་མེད་པ་བཟོ་ཐབས་བྱེད་བཞིན་འདུག

དེར་བརྟེན་ང་ཚོས་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་དང་། ཆེས་མཐོའི་འགྲོ་བ་མིའི་ཐོབ་ཐང་གི་སྤྱི་ཁྱབ་འགན་འཛིན་མཆོག་ནས་རྒྱ་ནག་གཞུང་ལ་འབྲེལ་གཏུག་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་བབ་ཡར་རྒྱས་ཡོང་ཐབས་སུ་འབད་བརྩོན་གནང་རྒྱུའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།
ཐུགས་རྗེ་ཆེ།

to top