བསང་ཆུ་རྫོང་གི་བོད་མི་ཞིག་གིས་རང་སྲེག་གནང་སྟེ་སྐུ་གྲོངས་འདུག

བོད་མདོ་སྨད་ཀན་ལྷོ་བསང་ཆུ་རྫོང་དུ་སླར་ཡང་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་གནང་སྟེ།  རྒྱ་གཞུང་གིས་བོད་འཛིན་པའི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་འདུག  ད་ལྟའི་ཆར་ཀན་ལྷོ་བསང་ཆུ་རྫོང་གཅིག་པུའི་ཁོངས་སུ་སྔ་ཕྱིར་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ ༡༣ བྱུང་ཡོད།

འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་གསལ།  ཕྱི་ཟླ་ ༣ པའི་ཚེས་ ༢༥ ཉིན་གྱི་ཞོགས་པར་བོད་མདོ་སྨད་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བསང་ཆུ་རྫོང་སྐྱིད་ཚང་དམེ་ཤུལ་ཤང་གི་ནགས་ཚལ་ཆེན་པོ་ཞིག་ཡོད་པའི་ཉེ་འདབས་སུ། མིང་ལ་ལྷ་མོ་སྐྱབས་ཞུ་བའི་རང་ལོ་ ༤༣ ཅན་གྱི་བོད་མི་ཞིག་གིས་ཤིང་ཆ་སྤུངས་ཤིང་། དེའི་ཐོག་ས་སྣུམ་བླུགས་ཏེ་མེར་སྒྲོན་རྗེས་རང་ཉིད་དེའི་དཀྱིལ་དུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་གི་དྲག་གནོན་དབང་སྒྱུར་སྲིད་ཇུས་ལ་ངོ་རྒོལ་གྱིས་སྐུ་གྲོངས་ཡོད་འདུག

ལྷ་མོ་སྐྱབས་ལགས་ནི་བོད་མདོ་སྨད་ཀན་ལྷོ་ཁུལ་བླ་བྲང་བསང་ཆུ་རྫོང་དམེ་ཤུལ་ཤང་མཁར་དམར་ཤུལ་སྡེ་བ་ནས་ཡིན་པ་དང་། ཁོང་ནི་བཟའ་ཟླ་མེད་པའི་ཕོ་ཧྲེང་ཞིག་ཡིན་འདུག  ལོ་དུ་མའི་ཡར་སྔོན་ནས་བཟུང་ཁོང་གིས་ཀླུ་ཤོད་ཡུལ་ཚོའི་ནན་པན་སྡེ་བའི་མདུན་གྱི་ནགས་ཚལ་ཆེན་པོ་ཞིག་ཡོད་པ་དེའི་ཉེ་འདབས་སུ་ནགས་སྲུང་བའི་ལས་ཀ་བྱས་ཏེ་བསྡད་ཡོད་འདུག

ད་ལྟའི་བར་དུ་བོད་མདོ་སྨད་བསང་ཆུ་རྫོང་ཁོངས་སུ་བོད་མི་རང་ལུས་མེར་བསྲེགས་གནང་མཁན་ ༡༣ བྱུང་ཡོད་ལ། ཁོང་རྣམས་ནི་ལྷ་མོ་སྐྱབས། དོན་གྲུབ། རྡོ་རྗེ་རིན་ཆེན། ལྷ་མོ་ཚེ་བརྟན། ཐུབ་དབང་སྐྱབས། ཚེ་རིང་དོན་གྲུབ། དཀོན་མཆོག་ཚེ་རིང་། སངས་རྒྱས་བཀྲ་ཤིས། གཟུངས་འདུས་སྐྱབས། ཚེ་རིང་བཀྲ་ཤིས། དཀོན་མཆོག་སྐྱབས། གནམ་ལྷ་ཚེ་རིང་། ལྷ་མོ་སྐྱབས་བཅས་ཡིན།

to top