མཁན་པོ་ཀར་ཚེ་ལགས་ཀྱིས་ཁོང་ཉིད་བདེ་ཐང་ཡིན་པའི་ཁ་པར་འབྱོར་བའི་རྗེས། ཡང་བསྐྱར་ཁོང་ཉིད་བཀག་ཉར་འོག་གར་སོང་ཆ་མེད་དུ་གྱུར་ཡོད་སྟབས། ས་གནས་དགོན་གྲོང་གཉིས་ཀྱི་འཕྲེད་དར་འཕྱར་ཏེ་མཁན་པོ་གློད་དགོས་པའི་ཞི་བའི་གོམ་བགྲོད་བྱས་ཡོད་འདུག
འདི་ག་ལྟེ་གནས་ཁང་ལ་གནས་ཚུལ་འབྱོར་དོན། ཕྱི་ལོ་ ༢༠༡༣ ཟླ་ ༡༢ ཚེས་ ༦ གི་མཚན་མོའི་ཆུ་ཚོད་ ༡ ཡས་མས་ཙམ་ལ། རྒྱ་ནག་ཁྲིན་ཏུའུ་གྲོང་ཁྱེར་ནས་ཁམས་ནང་ཆེན་རྫོང་ཇ་པ་དགོན་པའི་མཁན་པོ་ཀར་ཚེ་ལགས། བོད་རང་སྐྱོང་ལྗོངས་ཆབ་མདོ་ཉེན་རྟོག་པས་འཇུ་བཟུང་གིས་གར་སོང་ཆ་མེད་གྱུར་རྗེས། ས་གནས་སེར་སྐྱ་མང་ཚོགས་ ༤༠༠༠ ལྷག་གི་མཚན་རྟགས་བཀོད་དེ་མཁན་པོ་གློད་དགོས་པའི་ཞུ་སྐུལ་རིམ་པར་བྱས་པར་བརྟེན། ཕྱི་ཚེས་ ༡༠ ཉིན་མཁན་པོ་ཀར་ཚེ་ལགས་ཀྱིས་ཇ་པ་དགོན་པར་ཁ་པར་བཏང་སྟེ། ཁོང་ཉིན་ཁྲིན་ཏུའུ་གྲོང་ཁྱེར་ནས་ཆབ་མདོ་ཉེན་རྟོག་པས་ཉིན་འགར་འཇུ་བཟུང་བཀག་ཉར་བྱས་སོང་བ་དང་། འཇུ་བཟུང་བྱེད་དོན་ནི་ཆབ་མདོ་ཀརྨ་དགོན་པའི་དོན་རྐྱེན་དང་འབྲེལ་ཡོད་པའི་དོགས་གཞི་ཡིན་ཡང་། ད་ལྟ་ཁོང་གི་སྐུ་གཟུགས་གནས་སྟངས་བདེ་འཚམས་ཡིན་སྐོར་གསུངས་ཡོད་སྟབས། ས་གནས་མང་ཚོགས་ཀྱིས་ཁོང་གློད་བཀྲོལ་བཏང་ཟིན་པར་ཡིད་ཆེས་བྱས་ཡོད་པ་རེད། ཡིན་ནའང་། རྗེས་སུ་མཁན་པོ་ཀར་ཚེ་ལགས་ལ་སྔར་བཞིན་འབྲེལ་བ་གང་ཡང་བྱེད་མ་ཐུབ་པར་གར་སོང་ཆ་མེད་དུ་གྱུར་ཡོད་འདུག
དེར་བརྟེན། ཕྱི་ཚེས་ ༡༨ ཉིན་གྱི་ཞོགས་པར་ཁམས་ནང་ཆེན་ཇ་པ་དགོན་པའི་གྲྭ་བ་རྣམས་དང་ས་གནས་མང་ཚོགས་བཅས་ཀྱིས། ༼དགེ་རྒན་དང་བྲལ་བའི་སློབ་མ་རྣམས་ཀྱི་སྡུག་བསྔལ་ལ་གཟིགས་རོགས༽སོགས་ཀྱི་འཕྲེད་དར་འཕྱར་ནས། མཁན་པོ་ཀར་ཚེ་ལགས་གློད་བཀྲོལ་དགོས་པའི་ཞུ་འབོད་གོམ་བགྲོད་བྱས་ཏེ་རྫོང་ཐོག་ལ་སླེབས་གྲབས་ཡོད་སྐབས། ས་གནས་རྫོང་གི་དཔོན་རིགས་མཐོ་གྲས་ཁག་ཅིག་བསླེབས་ནས། ཁྱོད་ཚོས་ལས་འགུལ་དེ་འདྲ་མ་སྤེལ་དང་མཁན་པོ་མགྱོགས་པོར་གློད་ཡོང་རྒྱུར་ང་ཚོས་འགན་འཁུར་ཆོག་སྐོར་བརྗོད་ཡོད་སྟབས། མི་མང་གིས་གོམ་བགྲོད་ལས་འགུལ་མཚམས་འཇོག་བྱས་ཡོད་འདུག
ད་ལྟའི་ཆར་ས་གནས་དགོན་གྲོང་གཉིས་ཀྱིས་མཁན་པོ་ཀར་ཚེ་ལགས་ཀྱི་གནས་ཚུལ་གསལ་བོ་ཤེས་རྟོགས་མ་ཐུབ་ལྷག་ཡོད་འདུག མཁན་པོ་ཀར་ཚེ་ལགས་ནི་ནང་ཆེན་ཕྱོགས་ཀྱི་མཁན་པོ་མིང་གྲགས་ཆེ་ཤོས་གྲས་ཤིག་ཡིན་པ་མ་ཟད། ཁོང་དེ་སྔོན་ནས་རྒྱ་གཞུང་གིས་ཐེངས་མང་འཛིན་བཟུང་བྱེད་རྩིས་བྱས་ཡོད་པ་དང་། གལ་སྲིད་ཁོང་ནང་ཆེན་ནས་ས་མཚམས་བརྒལ་ཏེ་འགྲོ་དགོས་ཚེ་ནང་ཆེན་རྫོང་སྲིད་གཞུང་ལ་ཐོ་འགོད་བྱེད་དགོས་ཀྱི་ཡོད་འདུག