༢༠༡༧ཟླ་༣ཚེས་༡༨ཉིན་གྱི་བོད་ནང་གི་ཆུ་ཚོད་༤ཡས་མས་སུ། ཁམས་དཀར་མཛེས་ཁུལ་ཉག་རོང་རྫོང་ནས་ཡིན་ཞིང་། རང་ལོ་༢༤ཡིན་པའི་བོད་མི་ན་གཞོན་པདྨ་རྒྱལ་མཚན་ལགས་ཀྱིས། ཉག་རོང་གི་མཚོ་ཁ་དགོན་པ་ཞེས་པའི་ཉེ་འཁྲིས་སུ་རང་ལུས་མེར་བསྲེགས་གནང་འདུག ཁོང་ནི་ད་ལྟའི་བར་བོད་ནང་རང་ལུས་མེར་བསྲེགས་གནང་མཁན་ཨང་༡༤༧་དང་འདི་ལོའི་རང་བསྲེགས་གནང་མཁན་ཆེས་ཐོག་མ་དེ་ཆགས་ཡོད་ལ། སྔར་ལོར། རང་ལོ་༡༨ཡིན་པའི་དགེ་འདུན་པ་སྐལ་བཟང་དབང་འདུས་ཀྱིས་ཀྱང་དགོན་པ་དེ་ག་རང་གི་ཉེ་འདབས་སུ་རང་ལུས་མེར་བསྲེགས་གནང་ནས་སྐུ་སྲོག་ཤོར་པ་རེད།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལྟར་ན། པདྨ་རྒྱལ་མཚན་གྱིས་རང་ལུས་མེར་བསྲེགས་གནང་ནས་ཅུང་མ་འགོར་བར་རྒྱ་མིའི་ཉེན་རྟོག་པ་འབོར་ཆེན་སླེབས་སྟེ་བཙན་འཁྲིད་བྱས་པ་དང་ད་ལྟའི་ཆ། ཟིན་ཁྲོན་གྱི་རྒྱལ་ས་་ཁྲིན་ཏིའི་ཞེས་པ་རུ་སྨན་བཅོས་བྱེད་ཀྱི་ཡོད་པའི་བཤད་ཚུལ་གཅིག་དང་། ཡང་དེ་ལྟར་མིན་པར། པདྨ་རྒྱལ་མཚན་ལགས་རང་ལུས་མེར་བསྲེགས་བྱས་པའི་གནས་སྐབས་དེ་ག་རང་ལ་ཚེ་སྲོག་ཤོར་ཟིན་པ་བཤད་མཁན་ཡང་ཡོད་འདུག་ལ། པདྨ་རྒྱལ་མཚན་གྱིས་རང་ལུས་མེར་བསྲེགས་གནང་སྐབས། ༧གོང་ས་བོད་དུ་ཕེབས་བཅུག་དགོས་ཡོད། བོད་ལ་རང་དབང་མི་འདུག་ཅེས་འབོད་ཚིག་སྒྲོག་ཡོད་པ་གསལ་འདུག
ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལྟར་ན། ད་ལྟའི་ཆར་པདྨ་རྒྱལ་མཚན་ལགས་སྐུ་འཚོ་བཞུགས་ཡོད་མེད་ཀྱི་གནས་སྟངས་གསལ་ཁ་མ་བྱུང་ཡང་། ཁོང་གི་གཉེན་ཉེ་བཅུ་གྲངས་ཤིག་རྫོང་ཉེན་རྟོག་ཁང་དུ་སོང་བ་དང་བསྟུན། ཉེན་རྟོག་པས་ཁོང་ཚོ་འཇུ་བཟུང་གིས་གཅར་རྡུང་ཚད་མེད་བཏང་བ་དང་། མཚན་ཧྲིལ་བོར་ཡར་ལངས་པ་ལས་སར་བསྡད་དུ་མ་བཅུག་པ་དང་། ཕྱི་ཉིན་ཉག་རོང་ས་གནས་སྲིད་གཞུང་གིས་ངོས་ནས་ཁག་ཐེག་འོག ཁོང་ཚོ་གློད་གྲོལ་བྱུང་འདུག་ཀྱང་། རྐང་བ་ན་བ་དང་སྒལ་གཞུང་ན་ཟུག་རྒྱབ་ཀྱིན་ཡོད་པའི་གནས་ཚུལ་འདུག་ན། ཉེན་རྟོག་པའི་འགན་དབང་ལོག་སྤྱོད་ཀྱིས་མི་དམངས་ལ་གཅར་རྡུང་དང་། ། མི་སེར་གྱི་བདེ་སྡུག་ལ་སྣང་ཆུང་བྱས་པའི་བྱེད་བབ་དེ་ནི་རྒྱལ་སྤྱིའི་ཁྲིམས་དང་། རྒྱ་ནག་གི་ཉེས་ཁྲིམས་གཙོས། རྒྱ་གཞུང་གི་ཉེན་རྟོག་པའི་རྩ་འཛིན་ཁྲིམས་སྲོལ་ཁག་ལ་རྡོག་རོལ་བཏང་བ་ཞིག་ཡོད་ཆགས་ན། འདི་ག་ལྟེ་གནས་ཁང་གིས་ཚུལ་མིན་གྱི་བྱ་སྤྱོད་དེ་རིགས་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད་པ་མ་ཟད། ད་ལྟ་གློད་གྲོལ་བྱུང་བའི་མི་གྲངས་༡༠སུ་ཞིག་ནད་མནར་དང་འཚབ་ཆེན་གནད་དོན་བྱུང་ཚེ། སྨན་བཅོས་ཀྱི་འགྲོ་གྲོན་དང་འགན་དབང་ནི་སྤྱི་བདེ་ཉེན་རྟོག་ཁང་གི་འབྲེལ་ཡོད་པར་བདའ་འདེད་བྱེད་ཀྱིས་ཡོད།
འདི་ལོའི་ཕྱི་ཟླ་༣པའི་ཚེས་༣་དང་༥་ཉིན། རྒྱ་ནག་གཞུང་གིས་སྔ་ཕྱི་རུ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་པའི་གྲོས་ཚོགས་ཐེངས་ལྔ་བ་དང་། རྒྱལ་ཡོངས་སྲིད་གྲོས་ཐེངས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་ལྔ་བ་ཞེས་པ་འཚོགས་འགོ་ཚུགས་ཤིང་། ཆབ་སྲིད་ཀྱི་ཚོར་བ་ཧ་ཅང་རྣོ་ངར་ཅན་གྱི་ཚོགས་འདུ་འདི་གཉིས་ནམ་འཚོགས་་ལ། རྒྱ་ནག་རྒྱལ་ཡོངས་དང་། ལྷག་པར་དུ་བོད་ས་ཁྱོན་ཡོངས་ལ་དམ་དྲག་དང་སྟངས་འཛིན་བྱེད་ཤུགས་སྔར་བས་ཆེ་རུ་འགྲོ་བ་ནི་རྒྱུན་ལྡན་ལྟ་བུ་ཡིན་ལ། དམིགས་བསལ་གྱི། ཕྱི་ཟླ་༣ནི་བོད་རང་ལ་མཚོན། ༡༩༥༩ལོའི་ཟླ་༣ཚེས་༡༠ཉིན། བོད་མིས་བོད་ས་ཡོངས་ཁྲིམས་འགལ་ཐོག་དབང་སྒྱུར་བྱས་མཁན་རྒྱ་གཞུང་ལ་ངོ་རྒོལ་ཡར་ལངས་དང་། ༢༠༠༨ཟླ་༣ཚེས་༡༤ཉིན། བོད་ས་ཡོངས་སུ་ས་བྱིའི་ཞི་རྒོལ་ཆེན་མོ་བྱུང་བ་དང་། ཟླ་༣ཚེས་༡༦ཉིན། ཨ་མདོ་རྔ་བར་དྲན་གནོན་གྱིས་བོད་མི་བརྒྱ་ཕྲག་མང་བོ་ཤི་རྨས་བྱུང་བ་བཅས། ལོ་རྒྱུན་བཞིན། ཕྱི་ཟླ་གསུམ་པ་ནི་བོད་མི་སེམས་ནས་གསོས་ཐབས་མེད་པའི་རྨ་ཁ་དང་སེམས་ཀྱི་སྙིང་ནད་བསྐྱར་དུ་འཕར་པའི་དུས་སྐབས་ཤིག་ཡིན་པ་ལྟར། རྒྱ་གཞུང་གིས་ཀྱང་དེ་ལྟར་ཡིན་པ་ཤེས་པ་དང་། སླར་ཡང་གནད་དོན་འཚབ་ཆེན་བྱུང་རྒྱུའི་འཇིགས་དངངས་དང་སྐྲག་སྣང་གིས། དུས་སྐབས་འདིར་ཕྱི་ནང་གི་གནས་ཚུལ་བརྒྱུད་ལམ་དང་སྤྱི་ཚོགས་དྲ་རྒྱ་ཁག་ལ་བཀག་སྡོམ་བྱེད་སྲོལ་ཡོད་པ་ལྟར།
ཟླ་འདིའི་༣ཚེས་༩ཉིན། ཁམས་ཉག་རོང་ཚུད་པའི་དཀར་མཛེས་ཁུལ་གྱི་རྫོང་ཁོངས་༡༨ལས། ལྕགས་ཟམ་ཁ་དང་། ཕྱག་ཕྲེང་། འདབ་པ། སྡེ་རོང་། འབའ་ཐང་བཅས་རྫོང་ཁོངས་ལྔ་མ་གཏོགས། དེ་མིན་ལྷག་མ་རྫོང་ཁོངས་༡༣ཡི་སྤྱི་ཚོགས་དྲ་རྒྱ་མ་ལུས་པར་དུས་ཚོད་ངེས་མེད་ལ་གཏན་འགོག་བྱ་རྒྱུ་ཡིན་པའི་བརྡ་སྦྱོར་བཀྲམས་འདུག་པའི་ཤེས་རྟོགས་བྱུང་ཞིང་། འདི་ལྟ་བུ་བཀའ་རྒྱ་གང་སར་བཀྲམས་ཡོད་ཚོད་ཀྱང་། ཁུངས་སྣེ་ལག་སོན་བྱུང་རྒྱུ་ཁག་ལ། ལྷག་པར། དུས་སྐབས་འདིར་བོད་ནང་གནས་ཚུལ་བྱུང་བ་ཁག་དུས་ཐོག་ཕྱི་རུ་འབྱོར་རྒྱུ་ཇེ་དཀའ་རུ་སོང་འདུག
པདྨ་རྒྱལ་མཚན་ནམ་བསྡུས་མིང་ལ་པད་རྒྱལ་འབོད་པ་ཁོང་ནི། ཁམས་ཉག་རོང་མཚོ་ཁ་དགོན་པའི་ལྷ་སྡེར་གཏོགས་པ་ཕྱ་ཡུལ་གྲོང་པའི་ཕ་དབང་རྒྱལ་དང་མ་ཡུལ་ལྷ་གཉིས་ལ་བུ་ཕྲུག་ལྔ་ཡོད་པ་ལས། བུ་རྒན་ཤོས་དེ་ཡིན་ཞིང་། ཁྱིམ་གྱི་འཚོ་བའི་ཡོང་བབ་མ་ལུས་པར་རང་ལོ་ ༢༤ ཡིན་པའི་པདྨ་རྒྱལ་མཚན་ལ་བསྟེན་ཡོད་འདུག ཁམས་ཉག་རོང་གི་མཚོ་ཁ་དགོན་པའི་ཉེ་འདབས་སུ། སྔར་ལོའི་དགེ་འདུན་པ་སྐལ་བཟང་དབང་འདུས་ལགས་ཀྱི་མེར་བསྲེགས་གནང་བ་དང་འདི་ལོའི་པདྨ་རྒྱལ་མཚན་གྱིས་མེར་བསྲེགས་གནང་བ་བཅས། ས་ཁུལ་འདི་རུ་སྔ་ཕྱི་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེགས་གནང་ཡོད་པ་ཡིན།