སྤྱི་ཚོགས་དྲྭ་རྒྱར་དམ་དྲག་ཇེ་ཆེར་བཏང་སྟེ་བྲག་མགོ་ནས་བོད་མི་མང་པོ་སློབ་གསོ་སྒྱུར་བཀོད་ཁང་དུ་བཅུག་ཡོད་པ་རེད།

འཁོར་སྐར་བརྒྱུད་ནས་བླངས་བའི་བྲག་མགོའི་སློབ་གསོ་སྒྱུར་བཀོད་ཁང་གི་པར།

རྒྱ་ནག་གཞུང་གིས་ཁམས་བྲག་མགོ་ནས་སྟོན་པ་དང་རྗེ་བཙུན་བྱམས་མགོན་གྱི་སྐུ་བརྙན་སོགས་གཏོར་བཤིག་བཏང་བའི་རྗེས་སུ་དེ་འབྲེལ་གྱི་གནས་ཚུལ་ཁྱབ་བསྒྲགས་འགྲོ་བར་དོགས་ནས་བོད་མི་ཚོའི་སྤྱི་ཚོགས་དྲྭ་རྒྱ་དང་ཁ་པར་སོགས་སུ་བསྔོག་བཤེར་བྱས་ཏེ་ཉུང་མཐར་བོད་མི་བཅུ་ལྷག་སློབ་གསོ་སྒྱུར་བཀོད་ཁང་ཞིག་ཏུ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད།  

འདི་ག་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་ཉེ་ལམ་བྲག་མགོ་ནས་གཏོར་བཤིག་བཏང་བའི་སྟོན་པའི་སྐུ་བརྙན་སོགས་ཀྱི་བརྙན་པར་ཁྱབ་སྤེལ་བྱས་པ་དང་ཕྱི་ཕྱོགས་སུ་གནས་ཚུལ་མཁོ་སྤྲོད་བྱས་པ། སྐུ་བརྙན་གཏོར་བཤིག་གི་ལས་གཞི་ལ་རྣམ་འགྱུར་ཡག་པོ་མ་བསྟན་པ་སོགས་རྒྱུ་མཚན་དུ་བགྲངས་ནས་འདི་ལོ་ཕྱི་ཟླ་ ༡ ཚེས་ ༡ ཡས་མས་སུ་བྲག་མགོ་རྫོང་ཉེན་རྟོག་པས་བྲག་མགོ་དགོན་པའི་གྲྭ་བསྟན་འཛིན་ཉི་མ་དང་བཀྲ་ཤིས་རྡོ་རྗེ་གཉིས་འཇུ་བཟུང་བྱས་པ་དང་ཕྱི་ཟླ་ ༡ ཚེས་ ༤ ཡས་མས་སུ་བྲག་མགོ་དཀྲོལ་པ་གྲོང་ཚོ་ནས་ཡིན་པའི་ལྷ་མོ་དབྱངས་སྐྱིད་དང་ནོར་པ་འབྲོག་སྡེ་ནས་ཡིན་པའི་ཚེ་རིང་བསམ་འགྲུབ་གཉིས་དང་གཞན་མིང་ཤེས་རྟོགས་མ་ཐུབ་པའི་བོད་མི་དྲུག་ཙམ་འཇུ་བཟུང་བཀག་ཉར་བྱས་ཡོད་པ་རེད། 

འཇུ་བཟུང་བྱས་པའི་བོད་མི་ཕལ་ཆེ་བ་བྲག་མགོ་རྫོང་ནས་བར་ཐག་སྤྱི་ལེ་ ༥ ཙམ་གྱི་ས་ན་ཡོད་པའི་བྲོ་པ་གྲོང་ཚོའི་ཉེ་འགྲམ་ཐང་ནག་མ་ཞེས་པའི་ས་གནས་ཀྱི་སློབ་གསོ་སྒྱུར་བཀོད་ཁང་ཞིག་ཏུ་བཀག་ཉར་བྱས་ཡོད་པ་རེད།

སློབ་གསོ་སྒྱུར་བཀོད་ཁང་དེ་ནི་སྔོན་ཆད་ཉེན་རྟོག་ལས་ཁུངས་ཤིག་ཡིན་པ་དང་ཕལ་ཆེར་ཕྱི་ལོ་ ༢༠༠༨ ལོའི་བོད་མིའི་ཞི་རྒོལ་ཆེན་མོའི་རྗེས་སུ་བཙུགས་པ་ཞིག་ཡིན་འདུག་ཅིང་ཕྱི་ལོ་ ༢༠༡༢ ལོའི་བྲག་མགོར་ཡར་ལངས་བྱུང་བ་ནས་བཟུང་དེ་ཉིད་སློབ་གསོ་སྒྱུར་བཀོད་ཁང་ཞིག་ཏུ་བསྒྱུར་ཡོད་པ་རེད། ཕྱི་ལོ་ ༢༠༠༢ ཀྱི་གོང་དུ་ས་ཆ་དེ་ཐང་སྟོང་པ་ཞིག་ཡིན་པ་དང་དེར་ཐང་ནག་མ་ཞེས་འབོད་ཀྱི་ཡོད་པ་རེད། འདི་ག་ལྟེ་གནས་ཁང་གིས་སློབ་གསོ་སྒྱུར་བཀོད་ཁང་དེ་ཉིད་ཀྱི་འཁོར་སྐར་འདྲ་པར་ཤིག་བླངས་ཡོད་ཅིང་བོད་ཀྱི་དགོན་ལུགས་ཀྱི་རྣམ་པ་ཅན་དུ་བརྒྱབས་པའི་སྒྱུར་བཀོད་ཁང་དེ་ཡི་འདྲ་པར་ཞིག་ཀྱང་ལག་སོན་བྱུང་ཡོད།  

འདི་ག་ལྟེ་གནས་ཁང་གི་ཉམས་ཞིབ་པ་ཉི་འོད་ལགས་ཀྱིས་“རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༣ ལོ་ནས་བཟུང་འདི་ལྟ་བུའི་སློབ་གསོ་སྒྱུར་བཀོད་ཀྱི་ལམ་ལུགས་མེད་པར་བཟོས་ཟིན་པའི་དྲིལ་བསྒྲགས་སྤེལ་ཡོད་ན་ཡང་བོད་ནང་གི་ས་ཁུལ་དུ་མར་ད་དུང་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་པ་མ་ཟད། ཁྲིམས་ལུགས་ཀྱི་སྲུང་སྐྱོབ་མི་ཐུབ་པའི་ས་ཚུགས་འདི་ལྟ་བུའི་ནང་བོད་མི་རྣམས་ཀྱིས་སྡུག་སྦྱོང་མནར་གཅོད་ཚོད་མེད་མྱོང་དགོས་ཐུག་གི་ཡོད།”ཅེས་གསུངས་བྱུང་། 

སློབ་གསོ་སྒྱུར་བཀོད་ཀྱི་ལམ་ལུགས་ནི་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་ལས་བརྒལ་ཡོད་པ་ཡིན་པས་འདི་ལྟ་བུའི་ནང་དུ་ཚུད་པའི་མི་རྣམས་ཀྱིས་རྡུང་རྡེག་དང་མནར་གཅོད་མྱོང་གི་ཡོད་པ་སྨྲོས་མེད་རེད། བྲག་མགོའི་སྒྱུར་བཀོད་ཁང་དུ་བཅུག་པའི་བོད་མི་རྣམས་ལའང་རྒྱུན་དུ་རྡུང་རྡེག་གཏོང་བ་དང་། རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་སྤྲོད་པ། ངལ་རྩོལ་གྱི་ལས་ཀ་སྤྲོད་ཀྱི་ཡོད་པ་རེད།  ད་ལན་བཀག་ཉར་འོག་གནས་པའི་བོད་མི་རྣམས་ལའང་གཞུང་གི་ཁ་ལ་ཉན་དགོས་པ་དང་རྒྱ་གར་དུ་ཡོད་པའི་བོད་མིར་འབྲེལ་བ་བྱེད་མི་ཉན་པ་སོགས་ཀྱི་སློབ་གསོ་བརྒྱག་པ་དང་ངལ་རྩོལ་གྱི་ལས་ཀ་སྤྲོད་པ། རྡུང་རྡེག་གཏོང་གི་ཡོད་པའི་གནས་ཚུལ་བྱུང་འདུག་ཅིང་རྡུང་རྡེག་དྲག་པོ་བཏང་བའི་རྐྱེན་གྱིས་བསྟན་འཛིན་ཉི་མའི་མིག་ལ་རྨས་སྐྱོན་ཕོག་ཡོད་པ་རེད།   

དེ་བཞིན་ན་ནིང་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་བཅུ་པའི་ནང་དུ་བྲག་མགོ་རྫོང་གི་ཉེན་རྟོག་པས་བྲག་མགོ་དགོན་པའི་མཁན་པོ་དཔལ་དགའ་དང་ཕྱག་མཛོད་ཉི་མ་གཉིས་རྫོང་ཐོག་ཏུ་བཀག་ཉར་བྱས་པ་དང་དེ་ནས་བཟུང་ཁོང་རྣམ་གཉིས་ཀྱི་གནས་སྟངས་ཤེས་རྟོགས་མི་ཐུབ་པར་གྱུར་འདུག

ཡང་འདི་ལོ་ཕྱི་ཟླ་ ༡ ཚེས་ ༡༠ ཉིན་སླར་ཡང་ཨ་བཟང་དང་།  རྡོ་བཀྲ། ནོར་མཚོ་ཟེར་བའི་བོད་མི་གསུམ་གསེར་རྟ་བླ་རུང་སྒར་གྱི་གནས་མཇལ་ལས་ཚུར་ལོག་པའི་ལམ་བར་དུ་བྲག་མགོའི་ཉེན་རྟོག་པས་ཁོང་ཚོའི་ཁ་པར་བསྔོག་བཤེར་བྱས་ཏེ་ཁ་པར་དང་སྐད་འཕྲིན་གྱི་རྒྱབ་ངོས་སོགས་སུ་ཉེ་ཆར་གཏོར་མ་ཐག་པའི་སྟོན་པའི་སྐུ་བརྙན་གྱི་པར་ཡོད་པའི་རྒྱུ་མཚན་གྱིས་འཇུ་བཟུང་བྱས་འདུག་ཅིང་ཁོང་ཚོ་བྲག་གཡབ་རྫོང་ཁོངས་ནས་ཡིན་པར་བརྟེན་བྲག་གཡབ་རྫོང་གི་ཉེན་རྟོག་པར་བརྩིས་སྤྲད་ཡོད་པ་རེད།  

སྤྱི་ཚོགས་དྲྭ་རྒྱར་དམ་དྲག་དང་བསྔོག་བཤེར།

ཉེ་ལམ་བྲག་མགོ་ནས་འཇུ་བཟུང་བཀག་ཉར་བྱས་པའི་བོད་མི་ཕལ་མོ་ཆེ་ནི་སྤྱི་ཚོགས་དྲྭ་རྒྱར་སོ་ལྟ་དང་ཁ་པར་བསྔོག་བཤེར་བྱས་རྗེས་“ཆབ་སྲིད་ཀྱི་ཚོར་ཤུགས་ལྡན་པའི་པར་རིས་”(གཏོར་བཤིག་བཏང་བའི་སྟོན་པའི་སྐུ་བརྙན་དང་སློབ་གྲྭ་སོགས་ཀྱི་འདྲ་པར་དང་བརྙན་ཐུང་)ཡོད་པའམ་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཡོད་ཚུལ་སོགས་བསྙད་དེ་འཇུ་བཟུང་བྱས་པ་ཡིན་འདུག  བོད་མི་ཚོའི་སྐད་འཕྲིན་སོགས་སྤྱི་ཚོགས་དྲྭ་རྒྱའི་གནས་ཚུལ་ལ་ཉེན་རྟོག་ལས་ཁུངས་ནས་སོ་ལྟ་བྱེད་ཀྱི་ཡོད་པ་དང་ཡར་མར་འགྲོ་འོང་བྱེད་སྐབས་ལམ་བར་ནས་གང་བྱུང་དུ་ཁ་པར་སོགས་བསྔོག་བཤེར་གཏོང་བ་མ་ཟད་ཁང་ཁྱིམ་སོགས་སུ་ཉེན་རྟོག་པས་བསྔོག་བཤེར་བྱེད་ཀྱི་ཡོད་པ་དང་འགའ་ཤས་ཉེན་རྟོག་ལས་ཁུངས་སུ་འབོད་འགུག་བྱས་ཏེ་འདྲི་རྩད་དང་བསྔོག་བཤེར་གཏོང་གི་ཡོད་པ་རེད།  ལྷག་པར་དུ་སྟོན་པའི་སྐུ་བརྙན་གཏོར་སའི་ས་ཚུགས་ཀྱི་ཉེ་འགྲམ་དུ་སོང་ཚེ་ཚོད་ཚོད་ལ་ཉེན་རྟོག་པས་ལག་གི་ཁ་པར་འཕྲོག་སྟེ་ནང་ལོགས་ལ་བསྔོག་བཤེར་གཏོང་གི་ཡོད་པ་རེད།  དེ་བཞིན་ཡར་མར་ཁ་པར་གཏོང་བ་དང་སྐད་འཕྲིན་སོགས་སུ་གནས་ཚུལ་སྤེལ་བར་སོ་ལྟ་ནན་མོ་བྱེད་ཀྱི་ཡོད་པ་རེད། 

འདི་ག་ལྟེ་གནས་ཁང་གིས་ཁམས་བྲག་མགོ་གཙོས་པའི་བོད་ཀྱི་ས་ཕྱོགས་འདྲ་མིན་ནས་ཡོང་བའི་བོད་མི་མི་ཉུང་བ་ཞིག་ལ་བཅར་འདྲི་བྱས་པ་བརྒྱུད་ཤེས་རྟོགས་བྱུང་བ་ལྟར་ན་དེང་གི་ཆར་བོད་ནང་གི་ས་ཕྱོགས་མང་པོའི་ནང་སྐད་འཕྲིན་སོགས་སྤྱི་ཚོགས་དྲྭ་རྒྱ་ཁག་ཏུ་རྒྱ་ནག་གཞུང་གིས་དམ་དྲག་བྱེད་ཤུགས་ཇེ་ཆེར་བཏང་བར་བརྟེན་བོད་ཕྱི་ནང་གཉིས་སུ་བཞུགས་པའི་བོད་མི་ཚོའི་དབར་འབྲེལ་བ་བྱ་རྒྱུར་དོགས་སྣང་ཆེན་པོ་སྐྱེ་བཞིན་ཡོད་པ་ར་སྤྲོད་བྱུང་སོང་།  བྲག་མགོ་ནས་ཡིན་པའི་བོད་མི་གཅིག་གིས་སྟོན་པའི་སྐུ་བརྙན་གཏོར་བའི་རྗེས་སུ་ཕ་ཡུལ་དུ་བཞུགས་པའི་ཁོང་གི་ཕ་མ་དང་གཉེན་ཉེར་འདྲི་བརྩད་དང་འཇིགས་སྐུལ་བྱས་ཡོད་པ་འགྲེལ་བརྗོད་གནང་སོང་།  

བོད་ནང་གི་དྲྭ་རྒྱར་དམ་དྲག་ཇེ་ཆེར་བཏང་བ་དེས་བོད་ནང་ལོགས་ཙམ་མ་ཟད་རང་དབང་ལུང་པའི་ནང་ཡོད་པའི་བོད་མི་ཚོ་ལའང་རང་གི་ཕ་མ་སྤུན་མཆེད་ཀྱི་བདེ་འཇགས་དང་འབྲེལ་བའི་ཐད་ནས་སེམས་འཚབ་དང་གནོན་ཤུགས་ཆེན་པོ་ཐེབས་བཞིན་ཡོད་པ་རེད།  

འབོད་སྐུལ། 

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དང་རིག་གཞུང་ལ་བརྩི་བཀུར་ཏིལ་འབྲུ་ཙམ་ཡང་མ་བྱས་པར་ཁམས་བྲག་མགོ་རུ་སྟོན་པའི་སྐུ་བརྙན་དང་སློབ་གྲྭ་སོགས་གཏོར་བཤིག་བཏང་ནས་བོད་མི་ཚོའི་ཆོས་དད་རང་མོས་ལ་རྡོག་རོལ་ཚབས་ཆེན་བཏང་བའི་ཐོག་གང་བྱུང་དུ་སྒེར་གྱི་ཁ་པར་བསྔོག་བཤེར་བྱེད་པ་དང་བོད་མི་ཚོའི་སྤྱི་ཚོགས་དྲྭ་རྒྱའི་གནས་ཚུལ་ལ་གསང་ཉུལ་དང་དམ་དྲག་ཇེ་ཆེར་གཏོང་བཞིན་པ་ནི་བོད་མི་ཚོའི་ཆེ་མཐོང་དང་སྨྲ་བརྗོད་རང་དབང་སོགས་རྩིས་མེད་རྡོག་རོལ་གཏོང་བ་མཚམས་འཇོག་དགོས་པ་མ་ཟད་རྒྱལ་སྤྱིའི་ཁྲིམས་དང་འགལ་ནས་བོད་མི་མང་པོ་ཁྲིམས་ལུགས་ཀྱི་སྲུང་སྐྱོབ་མི་ཐུབ་པའི་སྒྱུར་བཀོད་ཁང་དུ་བཀག་ཉར་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་རིགས་འཕྲལ་དུ་མཚམ་འཇོག་དགོས།  དེ་བཞིན་“ཆབ་སྲིད་ཀྱི་ཚོར་ཤུགས་ལྡན་པའི་པར་རིས་”སོགས་བསྐུར་བར་བསྙད་དེ་དོན་མེད་དུ་བོད་མི་མང་དག་ཅིག་འཇུ་བཟུང་བྱས་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོགས་སྒེར་ཡོངས་ཀྱིས་ཁམས་བྲག་མགོའི་ཛ་དྲག་གནས་བབ་ལ་བསམ་གཞིགས་ནན་བཞེས་ཀྱིས་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཡོང་ཐབས་སུ་ནུས་ཤུགས་ཡོད་རྒུ་འདོན་དགོས་པའི་འབོད་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན།

to top