རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས་རྒྱ་ནག་གིས་འཇུ་བཟུང་བཀག་ཉར་བྱས་པ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་ཉེ་ལམ་ཕྱི་ཟླ་ ༡༠ པའི་ཟླ་འགོར་རང་ལོ་ ༣༤ ཡིན་པའི་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས་རྒྱ་གཞུང་གིས་འཇུ་བཟུང་བཀག་ཉར་བྱས་ཡོད་འདུག  ད་ལྟའི་ཆར་ཁོང་འདི་ལྟར་གློ་བུར་དུ་འཇུ་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་གང་ཡང་ཤེས་རྟོགས་མི་ཐུབ་པར་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་བབ་འོག་ལྷག་ཡོད་འདུག སྤྱིར་གྲྭ་བློ་བཟང་ཆོས་འཕེལ་ལགས་དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་ལྷ་ས་དང་ཕྱི་ལོ་ ༢༠༡༡ ལོར་རྔ་བ་ནས་ཐེངས་གཉིས་འཛིན་བཟུང་གིས་ཟླ་བ་བཞི་ལྷག་རེ་བཀག་ཉར་བྱས་མྱོང་འདུག

ཁོང་ནི་རྔ་སྲིབ་ཀ་ཉག་སྡེ་བའི་རུ་བ་ཚང་གི་ཡིན་ཞིང་། ཕ་མིང་ལ་རིག་ཁོ་(ཚེ་འདས། )དང་མ་མིང་ལ་ཚེ་རིང་སྐྱིད་ཡིན་པ་དང་སྤུན་བཞི་ཡོད་པའི་ནང་ནས་ཁོང་གསུམ་པ་དེ་ཡིན་པ་རེད། ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་ཆོས་ཞུགས་གནང་འདུག་ཅིང་དེང་གི་ཆར་ཁོང་ནི་དགོན་པའི་གློག་ཀླད་སྡེ་ཚན་གྱི་ལས་བྱེད་པ་དང་པར་པ་ཡིན་པ་མ་ཟད། ཁོ་རང་སྒེར་ངོས་ནས་རྒྱུན་དུ་ཡུལ་ལྗོངས་སོགས་པར་ལེན་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད་མཁན་ཞིག་ཡིན་པ་དང་། བོད་ནང་ཁུལ་གྱི་པར་ལེན་སྒྱུ་རྩལ་འགྲན་སྡུར་ཁ་ཤས་ནང་ཞུགས་ནས་བྱ་དགའ་ཨང་དང་པོ་སོགས་ཐེངས་འགར་ཐོབ་ཡོད་འདུག རྒྱུན་དུ་ཁོ་རང་གི་འདྲ་པར་རྣམས་དྲ་ལམ་སོགས་སུ་བཀྲམས་སྐབས་རེ་བའི་ཟླ་འོད་ཅེས་པའི་མིང་བེད་སྤྱོད་བྱེད་བཞིན་ཡོད་འདུག

ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་པའི་གསུངས་བ་ལྟར་ན་ཟླ་འདིའི་ཚེས་ཤར་ཙམ་ལ་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་གཞན་འགའ་རེ་ཡང་འཇུ་བཟུང་བྱས་ཡོད་ཚོད་འདུག་ཀྱང་མཚན་དང་ཕ་ཡུལ་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མི་འདུག 

དུས་རྒྱུན་ལྟར་རྒྱ་ནག་གཞུང་གིས་འདི་ལྟར་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས་གཙོས་པའི་དགེ་འདུན་པ་ཁག་ཅིག་བཙན་འཁྲིད་བྱས་ཏེ་ཁོང་རྣམས་འཇུ་བཟུང་བྱེད་དོན་དང་ད་ལྟའི་གནས་བབ་སོགས་གང་ཡང་གསལ་བཤད་མི་བྱེད་པ་འདི་ནི་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་ཁྲིམས་ཀྱི་ངོས་ཐད་ནས་ནམ་ཡང་བཟོད་ཐབས་མེད་པའི་ནག་ཉེས་ཤིག་ཡིན་པར་བརྟེན་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ཁྲིམས་དང་རང་གི་ཡུལ་ཁྲིམས་ལ་སྲུང་བརྩི་བྱས་ཏེ་བོད་ནང་གི་བོད་མི་ཚོའི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ཁག་ལ་རྡོག་རོལ་གཏོང་མཚམས་འཇོག་དགོས་པ་མ་ཟད་གྲྭ་བློ་བཟང་ཆོས་འཕེལ་གཙོས་པའི་ཉེ་ལམ་འཇུ་བཟུང་བཀག་ཉར་བྱས་པའི་རྔ་བ་ཀིརྟི་དགོན་པའི་དགེ་འདུན་པ་རྣམས་འཕྲལ་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།  

to top