རྒྱ་ནག་གི་མགྱོགས་འཕྲིན་སྟེང་དུ་༧གོང་ས་མཆོག་ལ་བསྟོད་གླུ་བླངས་པས་བོད་མི་ལྔ་འཇུ་བཟུང་བཀག་ཉར་བྱས་འདུག 

རྒྱ་གཞུང་ཉེན་རྟོག་པས་ཁ་སང་ཕྱི་ཚེས་ ༡༣ ཉིན་མདོ་སྨད་མགོ་ལོག་ནས་ཡིན་པའི་བོད་མི་ལྔ་འཇུ་བཟུང་བཀག་ཉར་བྱས་འདུག  

གཞས་པ་བདེ་རབ་ཀྱིས་མགྱོགས་འཕྲིན་སྟེང་གི་གླུ་གཞས་འགྲན་བསྡུར་ཁྲོད་དུ་གཞས་གཏོང་བཞིན་པའི་པར་ངོས།

ཁུངས་ལྡན་གནས་ཚུལ་འབྱོར་བ་གཞིགས་ན་ཁོང་རྣམ་འཇུ་བཟུང་བཀག་ཉར་བྱེད་དོན་ནི་མགྱོགས་འཕྲིན་སྟེང་གི་གླུ་གཞས་འགྲན་བསྡུར་ཞིག་ཏུ་༧གོང་ས་མཆོག་ལ་བསྟོད་པའི་གླུ་གཞས་ཤིག་བཏང་བའི་རྒྱུ་མཚན་གྱིས་ཡིན་པ་འགྲེལ་བརྗོད་གནང་བྱུང་།  

འཇུ་བཟུང་བཀག་ཉར་བྱས་པའི་ཁྲོད་དུ་འགྲན་བསྡུར་ཁྲོད་དུ་གླུ་གཞས་དངོས་སུ་གཏོང་མཁན་གྱི་གཞས་པ་བདེ་རབ་དང་ཁོང་གི་རམ་དཀྲོལ་བ། དེ་མིན་གྱི་རོགས་པ་གསུམ་བཅས་ཁྱོན་བོད་མི་ལྔ་ཡོད་པ་མཉམ་གཅིག་ཏུ་ཉེན་རྟོག་ཁང་དུ་ཁྲིད་དེ་བཀག་ཉར་བྱས་འདུག  

གཞས་པ་བདེ་རབ་ཀྱིས་མགྱོགས་འཕྲིན་གྱི་ཐད་གཏོང་སྟེང་དུ་བཏང་བའི་གཞས་ཚིག་ལ་“རྗེ་བླ་མ་དང་པོ་བོད་ནས་འཁྲུངས།། སྐུ་འགྲོ་དོན་ས་མཐའི་ཡུལ་ནས་མཛད།། བྱམས་སྙིང་རྗེ་ལྡན་པའི་བླ་མ་ཁོང་།། སྐུ་མྱུར་ཏུ་ཕེབས་པའི་སྨོན་ལམ་འདེབས།།”ཞེས་༧གོང་ས་མཆོག་ལ་བསྟོད་པར་ངེས་པའི་གླུ་ཚིག་འཁོད་འདུག  

གླུ་ཚིག་རྩོམ་མཁན་ནི་གཞས་པ་བདེ་རབ་ཀྱི་རམ་དཀྲོལ་བ་ཡིན་ཚུལ་འགྲེལ་བརྗོད་བྱས་སོང་། གཞས་ཚིག་རྩོམ་མཁན་རམ་དཀྲོལ་བ་དེ་ཉིད་ཀྱི་མིང་སོགས་ཤེས་རྟོགས་མ་ཐུབ། ད་ལྟའི་ཆར་ཁོང་ཉིད་མ་གཏོགས་གཞན་ཚང་མར་གློད་གྲོལ་ཐོབ་ཟིན་འདུག་ཀྱང་གཞས་པ་བདེ་རབ་ཀྱིས་རྗེས་ནས་གླུ་གཞས་འགྲན་བསྡུར་དུ་མི་ཞུགས་པ་དང་ཐད་གཏོང་བྱེད་སྐབས་གཞས་འདྲ་མིན་མི་གཏོང་བ། སྤྲོ་ཚོགས་དང་དུས་སྟོན་སྟེང་དུ་གཞས་མི་གཏོང་བ་སོགས་ཀྱི་ཐད་ཁས་ལེན་ཡི་གེ་ཞིག་ལ་མཛུབ་ཐེལ་རྒྱག་ཏུ་བཅུག་འདུག  

བདེ་རབ་ཀྱིས་འགྲན་བསྡུར་ཁྲོད་དུ་གཞས་གཏོང་སའི་མགྱོགས་འཕྲིན་ཐད་གཏོང་དུས་ཚོད་ཀྱི་ཚད་བཀག་བརྒལ་སོང་བར་ཁག་བཞག་སྟེ་མགྱོགས་འཕྲིན་ལས་ཁུངས་ནས་ཉེན་བརྡ་ཡང་ཡང་འབྱོར་བར་བརྟེན་བར་མཚམས་ཤིག་ནས་ཐད་གཏོང་མཚམས་འཇོག་བྱེད་དགོས་ཐུག་འདུག  གནས་ཚུལ་མཁོ་སྤྲོད་པས་གསུངས་བར་ “ནམ་རྒྱུན་ཆུ་ཚོད་ཉི་ཤུ་རྩ་བཞི་ལ་མགྱོགས་འཕྲིན་ཐད་གཏོང་བྱས་ན་ཡང་དུས་ཚོད་ཚད་བཀག་ཡོད་མ་རེད། ཡིན་ན་ཡང་གཞས་པ་བདེ་རབ་ཀྱིས་ལ་རྒྱའི་གཞས་བཏང་བར་བརྟེན་ཐད་གཏོང་བྱས་ནས་ཆུ་ཚོད་གཅིག་དང་ཕྱེད་ཀ་ཙམ་ལས་མ་སོང་བར་ཐད་གཏོང་བྱེད་པའི་དུས་ཡུན་རིང་དྲགས་པར་ཁ་གཡར་ནས་ཉེན་བརྡ་བཏང་སྟེ་ཐད་གར་ཐད་གཏོང་སྒོ་རྒྱག་བཅུག་པ་རེད་”ཅེས་གསུངས་སོང་།

གཞས་པ་བདེ་རབ་ཀྱིས་ཐད་གཏོང་བྱེད་སྐབས་ཐད་གཏོང་ནང་གི་སྐད་འཇོག་ས་ནས་མི་ཞིག་གིས་“དེ་ན་ཁྱོད་ཚོ་སུ་སུ་ཡོད”ཅེས་སྐད་ཆ་དྲིས་པ་གོ་རྒྱུ་འདུག་ཅིང་སྐད་ཆ་འདྲི་མཁན་དེ་ནི་དྲྭ་ཐོག་སོ་ལྟ་བ་ཡིན་པའི་དོགས་པ་བྱེད་བཞིན་འདུག  

མགྱོགས་འཕྲིན་ལས་ཁུངས་ཀྱིས་རྒྱུན་དུ་བོད་སོགས་གྲངས་མི་རིགས་ཀྱི་སྐད་ཡིག་ལ་མཐོང་ཆུང་བྱེད་པ་དང་། བོད་མི་ཐད་གཏོང་བ་ཚོའི་བྱ་སྤྱོད་དང་སྨྲ་བརྗོད་ལ་དམིགས་བསལ་གྱི་ཚོད་འཛིན་ནན་པོ་བྱེད་བཞིན་ཡོད་པ་ཧ་ཅང་ཡོངས་གྲགས་སུ་གྱུར་ཡོད། དེའི་ཐད་ནས་བོད་ནང་གི་བོད་མི་མང་པོས་སྔ་ཕྱིར་དྲྭ་ལམ་སོགས་སུ་ཞུ་སྐུལ་ཐེངས་མང་བྱས་ཟིན། འོན་ཀྱང་། མགྱོགས་འཕྲིན་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གི་སྒྲིག་གཞི་ལ་ཁ་གཡར་ནས་ཕྱི་ལོ་ ༢༠༡༩ ལོར་དྲྭ་ཐོག་སོ་ལྟ་བ་ ༢༠༠༠ ཙམ་བསྐོས་ཡོད་པ་དང་སོ་ལྟ་བ་ ༣༠༠༠ ཙམ་གསར་དུ་བསྐོ་འཆར་ཡོད་པའི་གནས་ཚུལ་ཐོན་ཡོད།  

རྒྱ་གཞུང་གིས་ཐེངས་འདིར་ཡང་ཉེས་མེད་བོད་མི་ལྔ་འཇུ་བཟུང་བཀག་ཉར་བྱས་པ་དང་རམ་དཀྲོལ་བ་ད་དུང་གློད་བཀྲོལ་མ་བཏང་བའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ངོ་རྒོལ་མཐའ་གཅིག་ཏུ་ཞུ་རྒྱུ་ཡིན་ཞིང་ཉེས་མེད་བོད་མི་ཁོང་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་མ་ཟད་གཞས་པ་བདེ་རབ་ལ་ཡང་དོན་མེད་ཀྱི་ཚད་བཀག་བཟོས་པ་མཐའ་དག་ཕྱིར་འཐེན་བྱ་དགོས།  

མགྱོགས་འཕྲིན་ལས་ཁུངས་ཀྱིས་ཀྱང་བོད་མི་ཚོའི་དྲྭ་ལམ་གྱི་བྱ་སྤྱོད་ལ་དང་སྨྲ་བརྗོད་རང་དབང་ལ་དོན་མེད་དམ་དྲག་བྱས་ཏེ་རྒྱ་གཞུང་གི་གཉའ་གནོན་ལ་ལག་རོགས་བྱེད་པའི་སྦྱོར་བ་མཐའ་དག་མཚམས་འཇོག་བྱ་དགོས། རྒྱ་གཞུང་དང་མགྱོགས་འཕྲིན་ལས་ཁུངས་གཉིས་ཀས་བོད་མི་ཚོའི་དྲྭ་ལམ་གྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་མཚམས་འཇོག་དགོས། ལྷག་པར་དུ་མགྱོགས་འཕྲིན་ལས་ཁུངས་ཀྱིས་རང་གི་བྱ་སྤྱོད་རྣམས་ཚོང་ལས་དང་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལམ་སྟོན་རྩ་འཛིན་ལས་མ་འགལ་བ་བྱ་དགོས།  

to top