རིག་གཞུང་རྩ་མེད་གཏོང་བའི་ལས་འགུལ་ཁྲོད་རྒྱ་ནག་གཞུང་གིས་བོད་ཀྱི་བསམ་བློའི་སྣེ་ཁྲིད་པ་རྣམས་འབུར་འཇོམས་གཏོང་བཞིན་འདུག

བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་བཏང་སྟེ་རྒྱ་ནག་ཅན་དུ་བསྒྱུར་བའི་སྲིད་ཇུས་ལག་ལེན་གྱི་ཁྲོད་དུ་རྒྱ་ནག་གཞུང་གིས་སྡང་ཟུག་ཆེ་ཤོས་བྱེད་ས་ནི་བོད་ཀྱི་རིག་གནས་དང་སྐད་ཡིག་གི་ཆུད་ཚད་མཐོ་ཞིང་སྤྱི་ཚོགས་ཁྲོད་གདེང་འཇོག་ཆེན་པོ་ཡོད་པའི་བོད་ནང་གི་ན་གཞོན་རྩོམ་པ་པོ་དང་ཤེས་ལྡན་མི་སྣ་རྣམས་ཡིན་པ་རེད། 

འདས་པའི་ལོ་གཅིག་གཉིས་ཀྱི་ནང་དུ་རྒྱ་ནག་གཞུང་གིས་བོད་ཀྱི་ཤེས་ཡོན་པ་མང་དག་ཅིག་འཇུ་བཟུང་བཙན་ཁྲིད་བྱས་པའི་ཁྲོད་ནས་རྩོམ་པ་པོ་གྲགས་ཅན་སྒོ་ཤེས་རབ་རྒྱ་མཚོ་(རང་ལོ་ ༤༦)ལགས་སུ་ལོ་བཅུའི་དུས་བཀག་བཙོན་འཇུག་དང་རྩོམ་པ་པོ་དྷི་ལྷ་ལྡན་(རང་ལོ་ ༤༡)ལགས་སུ་ལོ་བཞི། རིན་ཆེན་ཚུལ་ཁྲིམས་(རང་ལོ་ ༣༠)ལགས་སུ་ལོ་བཞི་དང་ཕྱེད་ཀ།  གྲྭ་འཕྲིན་ལས་རྒྱ་མཚོ་(རང་ལོ་ ༢༠)ལགས་སུ་ལོ་ལྔ་བཅས་ཀྱི་བཙོན་འཇུག་ཁྲིམས་ཆད་བཏང་བའི་གནས་ཚུལ་བྱུང་ཡོད། ཁོང་རྣམས་དང་ཐོག་འཇུ་བཟུང་བྱས་པ་ནས་བཟུང་དུས་ཡུན་ཟླ་བ་ལྔ་ནས་ལོ་གཉིས་ཀྱི་བར་གར་སོང་ཆ་མེད་དུ་གྱུར་བའི་གནས་བབ་འོག་ལུས་ཡོད་པ་མ་ཟད་ད་ལྟ་ཁྲིམས་ཆད་བཏང་ཟིན་ནའང་ཕལ་ཆེ་བར་ཉེས་འཛུགས་གང་བྱས་པ་དང་།  ཁྲིམས་བཤེར་གྱི་བརྒྱུད་རིམ་གང་འདྲ་ཡིན་པ། བཙོན་ཁང་གང་དུ་ཡོད་མེད་སོགས་ཕྱི་གསལ་ནང་གསལ་རྩ་ནས་བཟོས་མེད།  

ད་དུང་རྒྱ་ནག་གཞུང་གིས་གང་བྱུང་དུ་འཇུ་བཟུང་བཙན་ཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་གནས་བབ་འོག་བོད་ཀྱི་ཤེས་ཡོན་པ་དང་རྩོམ་པ་པོ་མང་དག་ཅིག་ཡོད་པའི་གྲས་སུ་བོད་ཁམས་ཕྱོགས་ཀྱི་ན་གཞོན་རྩོམ་པ་པོ་གྲགས་ཅན་སྒོ་ཡོན་(རང་ལོ་ ༣༣ )ལགས་དང་རྫ་ཆུ་ཁའི་སློབ་དགེ་དང་རྩོམ་པ་པོ་ས་བུ་ཆེ།(རང་ལོ་ ༣༤)  ཨ་མདོ་རེབ་གོང་གི་རྩོམ་པ་པོ་རོང་བོ་དགེ་འདུན་ལྷུན་འགྲུབ་(རང་ལོ་ ༤༧)དང་རོང་བོ་གངས་དཀར་(རང་ལོ་ ༤༧ ཡས་མས)སོགས་ཚུད་ཡོད་པ་ཤེས་རྟོགས་བྱུང་ཡོད།  

ཕ་ཡུལ་བྲག་མགོ་ནས་ཡིན་པའི་ན་གཞོན་རྩོམ་པ་པོ་སྒོ་ཡོན་ལགས་དེ་སྔོན་ཕྱི་ལོ་༢༠༡༠ ལོའི་ཟླ་ ༦ པའི་ཚེས་ ༥ ཉིན་ཁྲེན་ཏུ་གྲོང་ཁྱེར་གྱི་སྲང་ལམ་ཞིག་ནས་ཁོང་གི་གྲོགས་པོ་གཉིས་དང་ལྷན་དུ་རྒྱ་ནག་གི་ཉེན་རྟོག་པས་རྒྱུ་མཚན་ཅི་ཡིན་འདི་ཡིན་མེད་པར་བཙན་ཁྲིད་བྱས་ཏེ་མཚན་གཅིག་ཧྲིལ་པོར་བཀག་ཉར་བྱས་ནས་རྡུང་རྡེག་མནར་གཅོད་ཚད་ལས་བརྒལ་བ་བཏང་ནས་རྨས་སྐྱོན་ཚབས་ཆེན་འཕོག་པ་སོགས་གནས་ཚུལ་གྱི་བརྒྱུད་རིམ་ཞིབ་ཚགས་ཁོང་གི་རྩོམ་ཡིག་“བཙོན་ཁང་གི་མནར་གཅོད་” ཅེས་པའི་ནང་དུ་གསལ་འདུག  ཉེ་ལམ་ཁོང་ཉིད་བསྐྱར་དུ་འཇུ་བཟུང་བཙན་ཁྲིད་བྱས་འདུག་ཀྱང་འཇུ་བཟུང་བྱས་པའི་དུས་ཚོད་ནམ་ཡིན་དང་ད་ལྟ་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ད་དུང་གནས་ཚུལ་གསལ་ཁ་བཟོས་མེད་པ་རེད།

སྙན་ངག་པ་གྲགས་ཅན་རོང་བོ་དགེ་འདུན་ལྷུན་གྲུབ་བམ་དྲ་མིང་ལ་ལྷམ་ཀོག་ལགས་ནི་རེབ་གོང་མདོ་བ་འབྲོག་ཕྱོགས་ནས་ཡིན། ཁོང་ལའང་སྔ་ཕྱིར་རྒྱ་གཞུང་གིས་འདྲི་གཅོད་དང་བཀག་བསྐྱིལ་ལན་མང་བྱས་མྱོང་ཞིང་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༢ ཆེས་ ༢ ཉིན་འཇུ་བཟུང་བཙན་ཁྲིད་བྱས་ནས་ད་ལྟ་ལོ་གཅིག་ལྷག་སོང་ན་ཡང་ཁོང་གི་གནས་བབ་ཐད་རྒྱ་ནག་གཞུང་གིས་གསལ་བཤད་གང་ཡང་བྱས་མེད། 

དེ་བཞིན་རེབ་གོང་ནས་ཡིན་པའི་སྙན་ངག་པ་རོང་བོ་གངས་དཀར་དང་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་ནས་ཡིན་པའི་ན་གཞོན་ཤེས་ཡོན་པ་ས་བུ་ཆེ་སོགས་བཙན་ཁྲིད་བྱས་ཟིན་ན་ཡང་འཇུ་བཟུང་བྱས་པའི་རྒྱུ་མཚན་དང་གང་དུ་བཀག་བསྐྱིལ་བྱས་ཡོད་མེད་སོགས་ད་དུང་གནས་ཚུལ་གསལ་པོ་བཟོས་མེད་པ་རེད།   

འདི་ག་ལྟེ་གནས་ཁང་གིས་གོང་གསལ་རྩོམ་པ་པོ་དག་ལ་འབྲེལ་འདྲེས་ཧ་ཅང་ཟབ་མོ་ཡོད་པའི་བཙན་བྱོལ་ནང་གི་བོད་ཀྱི་ཤེས་ཡོན་པ་ཞིག་ལ་གནད་དོན་དེའི་ཐད་བཀའ་འདྲི་ཞུས་པས་ཁོང་གིས་“ཁོང་རྣམས་འཇུ་བཟུང་བྱས་ཟིན་པ་བདེན་པ་ཡིན་པ་དང་ཞིབ་ཕྲའི་གནས་ཚུལ་ད་དུང་ཁ་གསལ་མི་འདུག ཁོང་རྣམས་འཇུ་བཟུང་བྱས་པ་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་རིག་གནས་དང་སྐད་ཡིག་གི་ཐད་ལ་ཤུགས་རྐྱེན་བཟང་པོ་ཡོད་པའི་ན་གཞོན་ཚོའི་བསམ་བློའི་སྣེ་ཁྲིད་པ་དག་རིམ་བཞིན་མེད་པར་བཏང་སྟེ་བོད་ཀྱི་སྐད་ཡིག་དང་རིག་གཞུང་ཉམས་རྒུད་གཏོང་ཐབས་བྱེད་པའི་འཇིགས་སུ་རུང་བའི་བྱ་སྤྱོད་ཅིག་རེད་”ཅེས་འགྲེལ་བརྗོད་གནང་སོང་། 

དེ་བཞིན་བོད་ནང་དུ་བཞུགས་པའི་ཤེས་ཡོན་པ་གཞན་ཞིག་གིས་ཀྱང་“སྒོ་ཤེར་འཇུ་བཟུང་བྱས་པ་ནི་ཡོངས་གྲགས་སུ་གྱུར་བའི་དཔེ་མཚོན་ཙམ་ལས་འདས་པའི་ལོ་གཅིག་གཉིས་ཀྱི་ནང་གནས་ཚུལ་གསང་བ་བྱས་པའི་ཁྲོད་དུ་རེབ་གོང་སོགས་བོད་ཀྱི་ཡུལ་ལུང་འདྲ་མིན་གྱི་ཤེས་ལྡན་མི་སྣ་དང་དགེ་རྒན།  སློབ་མ་སོགས་ཧ་ཅང་མང་པོ་འཇུ་བཟུང་བྱས་ཟིན་པ་རེད།  ཉེ་ལམ་མི་མང་པོས་དྲྭ་ལམ་དུ་སྤེལ་བཞིན་པའི་བསྡོམས་ཚིག་(ཚགས་པར་གཏམ་བཟང་གིས་ཁྱབ་ཀྱང་། བཙོན་ཁང་མྱི་བཟང་གིས་བཀང་བའི་དུས་)ཟེར་བ་དེ་དངོས་གནས་བདེན་པ་རེད་འདུག་”ཅེས་གསུངས་སོང་། 

ཉེ་དུས་གང་བྱུང་དུ་འཇུ་བཟུང་བཙན་ཁྲིད་བྱས་པའི་བོད་ཀྱི་ཤེས་ལྡན་མི་སྣ་དག་ལ་ཐུན་མོང་གི་མཚུངས་ཆོས་ཤིག་ཡོད་པ་ནི་ཁོང་རྣམས་བོད་ཀྱི་སྐད་ཡིག་དང་རིག་གནས།  རྩོམ་རིགས་སོགས་ཀྱི་ཐད་ཧ་ཅང་མཁྱེན་རྒྱ་ཡངས་བ་མ་ཟད་ཕལ་ཆེ་བ་ལོ་ན་ཆུང་བ་དང་གཞོན་སྐྱེས་ཀྱི་བསམ་བློའི་སྣེ་ཁྲིད་པ་ལྟ་བུར་སྤྱི་ཚོགས་ཁྲོད་དུ་གདེང་འཇོག་ཆེན་པོ་ཡོད་པ་ཤ་སྟག་རེད་འདུག  རྒྱ་ནག་གཞུང་གིས་ཁོང་རྣམས་འཇུ་བཟུང་བྱེད་དོན་ཡང་རྒྱུ་མཚན་དེ་རང་ལ་ཐུག་པ་མ་གཏོགས་གཞན་ཁོང་རྣམ་པ་སུས་ཀྱང་རྒྱ་ནག་གི་སྒྲིག་ཁྲིམས་ལ་དངོས་སུ་འགལ་བའི་ཉེས་པ་བསགས་པའི་གནས་ཚུལ་གང་ཡང་མི་འདུག  

ཉེ་ལམ་བོད་ནང་གི་བོད་ཡིག་དྲྭ་ཚིགས་ལེགས་གྲས་ན་གཞོན་གསར་པ་དང་།  རྗེ་ཙོང་ཁ་པའི་དྲྭ་བ། རེ་སྐོང་ཁ་བའི་མེ་ཏོག རྫ་ཆུའི་རླབས་སྒྲ། ཆོས་གྲོགས་དྲྭ་བ།  སེང་རྡོར་དྲྭ་བ། བོད་ཀྱི་སྐད་ཡིག་དྲྭ་བ། མགོ་ལོག་པའི་དྲྭ་བ་སོགས་བོད་ཡིག་གི་དྲྭ་ཚིགས་ཧ་ཅང་མང་པོ་ཞིག་རྒྱ་ནག་གཞུང་གིས་སྒོ་བརྒྱབས་ཟིན་འདུག་ཅིང་རོང་བོ་དགེ་འདུན་ལྷུན་འགྲུབ་ལགས་ཀྱི་གཙོ་གཉེར་གནང་བའི་བཙན་པོ་དྲྭ་བ་དང་རིན་ཆེན་ཚུལ་ཁྲིམས་ལགས་ཀྱིས་གཙོ་གཉེར་གནང་བའི་བོད་དུ་ཆད་ལྟ་བ་ཞེས་པའི་དྲྭ་ཚིགས་གཉིས་ཀའང་སྒོ་བརྒྱབས་ཟིན་འདུག  

གནད་དོན་དེའི་ཐད་བོད་ཀྱི་སྐད་ཡིག་གི་ཐོབ་ཐང་རྩོད་ལེན་པ་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་སྒེར་གྱི་མགྱོགས་འཕྲིན་དྲྭ་བའི་སྟེང་དུ་སྒོ་ཕྱེ་མི་ཐུབ་པའི་དྲྭ་ཚིགས་འགའ་ཤས་ཀྱི་པར་བཞག་སྟེ་“བོད་ཡིག་གི་དྲ་བ་མང་པོ་ཞིག་སྒོ་ཕྱེ་མི་ཐུབ་པ་གང་རེད”ཅེས་དོགས་འདྲི་ཡང་ཡང་གནང་འདུག 

ཉེ་དུས་རྒྱ་ནག་གཞུང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཡོངས་ཁྱབ་གསལ་བསྒྲགས་དང་བོད་རང་སྐྱོང་ལྗོངས་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་ཟེར་བའི་གྲོས་ཆོད་ནང་དུ་སྤྱིར་རྒྱ་ནག་རྒྱལ་ཡོངས་སུ་རྒྱའི་སྐད་ཡིག་དར་སྤེལ་སྔར་ལས་ཤུགས་ཆེར་གཏོང་དགོས་པ་མ་ཟད་ལྷག་པར་དུ་ཁུལ་གསུམ་དང་ས་ཁུལ་གསུམ་དུ་གཏོགས་པའི་བོད་ཀྱི་ས་ཁུལ་ཁག་གི་གྲོང་གསེབ་དང་འབྲོག་ཁུལ་དག་ནི་རྒྱའི་སྐད་ཡིག་དར་སྤེལ་གཏོང་སའི་གཙོ་གནད་ཅན་གྱི་ས་ཚིགས་སུ་ངོས་འཛིན་བྱེད་བཞིན་ཡོད་ཚུལ་བཀོད་འདུག   

དེ་བཞིན་རྒྱ་ནག་སློབ་གསོ་ལྷན་ཁང་གིས་བཀོད་པའི་གནས་ཚུལ་ནང་དུའང་ ༢༠༢༥ བར་རྒྱའི་སྤྱི་སྐད་སྤྱོད་པའི་བརྒྱ་ཆ་ ༨༥ ལོན་དགོས་པ་དང་ ༢༠༣༥ བར་སྤྱི་སྐད་སྤྱོད་ཚད་ཡོངས་སུ་ལོངས་དགོས་པའི་དམིགས་ཚད་བཟོས་ཏེ་རྒྱ་ནག་གི་ཞིང་ཆེན་གཞན་དག་ལས་ཀྱང་ལྷག་བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་ཀྱི་ས་ཁུལ་གཏོགས་པའི་མཚོ་སྔོན་དང་ཟི་ཁྲོན་ཞིང་ཆེན་གཉིས་ཀའི་ནང་སྤྱི་སྐད་དར་སྤེལ་གྱི་ལས་འགུལ་ཚ་རླབས་འཕྱུར་བཞིན་ཡོད་ཚུལ་གསལ་འདུག

རྒྱ་ནག་གཞུང་གིས་སྔོན་འགྲོ་སློབ་གྲྭ་ནས་འགོ་བཙུགས་ཏེ་གྲངས་ཉུང་མི་རིགས་ཀྱི་བྱིས་པ་ཚོའི་རྒྱུད་ལ་རྒྱའི་སྤྱི་སྐད་ཁོ་ན་འཇགས་ཐབས་བྱེད་བཞིན་པ་ནི་མི་རིགས་མཐུན་སྒྲིལ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་ཟེར་བ་འགྲུབ་ཐབས་ཀྱི་ཐབས་ལམ་གལ་ཆེན་ཞིག་ཡིན་པར་འགྲེལ་བརྗོད་བྱེད་བཞིན་ཡོད་མོད།  དོན་དངོས་ཐོག་རྒྱའི་སྤྱི་སྐད་དར་སྤེལ་གཏོང་བའི་ལས་གཞི་འདི་ནི་རྒྱ་ནག་གི་རྩ་ཁྲིམས་དོན་ཚན་ ༤ དང་དོན་ཚན་ ༡༡༩ པ་སོགས་སུ་གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་སྲུང་སྐྱོབ་ཀྱི་ཐོབ་ཐང་ཡོད་ཚུལ་འཁོད་པ་དག་ལ་ཐད་ཀར་རྒྱབ་འགལ་ཆགས་ཡོད་པ་མ་ཟད་ས་གནས་རང་སྐྱོང་གི་བཅའ་ཁྲིམས་དང་སྐད་གཉིས་སློབ་གསོའི་སྲིད་ཇུས་སོགས་ལའང་འགལ་བ་ལྟག་སྤྲོད་ཆགས་པའི་མི་རིགས་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་གདུག་རྩུབ་ཅན་ཞིག་ཡིན།   

རྒྱ་ནག་གཞུང་གིས་འདི་ལྟར་རང་གི་ཁྲིམས་ལ་རྩིས་མེད་རྡོག་རོལ་གཏོང་བ་ཙམ་མ་ཟད་ཁྲིམས་ལུགས་དེ་དག་གི་ཁྱབ་ཁོངས་འོག་རང་མི་རིགས་ཀྱི་སྐད་ཡིག་རྒྱུན་འཛིན་དང་ཐོབ་ཐང་རྩོད་མཁན་གྱི་བོད་ཀྱི་ཤེས་ལྡན་མི་སྣ་རྣམས་རིམ་བཞིན་མུན་ནག་བཙོན་དུ་བཅུག་བཞིན་པ་འདི་ནི་མི་རིགས་རྩ་མེད་གཏོང་ཐབས་ཀྱི་ཧ་ཅང་གདུག་རྩུབ་ཆེ་བའི་བྱེད་ཐབས་ཤིག་ཡིན་པ་གསལ་པོ་རེད།  དེར་བརྟེན་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་གཞུང་ལ་སོ་སོའི་རྩ་ཁྲིམས་དང་བཅའ་ཁྲིམས་ཁག་མིང་ཙམ་མིན་པར་ཚུལ་བཞིན་བརྩིས་ཏེ་ནག་ཉེས་ཅི་ཡང་མེད་པའི་བོད་ཀྱི་ཤེས་ཡོན་པ་རྣམས་འཕྲལ་དུ་གློད་གྲོལ་དགོས་པ་དང་ཁོང་རྣམས་ཀྱི་རང་གི་སྐད་ཡིག་རྒྱུན་འཛིན་གྱི་ཐོབ་ཐང་དང་སྨྲ་བརྗོད་རང་དབང་ལ་ཁྲིམས་ལྟར་བརྩི་བཀུར་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན། 

to top