རང་ལུས་མེར་སྲེག་གི་གནད་དོན་ཞིག་དང་འབྲེལ་ནས་དགེ་སྐོས་ཚེ་བཀྲ་ལགས་ལ་མནར་གཅོད་དྲག་པོ་བཏང་འདུག  

རང་ལུས་མེར་སྲེག་གཏོང་མཁན་བསྟན་འཛིན་ཤེས་རབ།

བོད་ཁམས་ཕྱོགས་སྐྱེ་དགུ་མདོ་ཆུ་དམར་ལེབ་རྫོང་ནས་རང་ལོ་ ༣༣ ཡིན་པའི་བོད་མི་བསྟན་འཛིན་ཤེས་རབ་ལགས་ཀྱིས་ཕྱི་ལོ་ ༢༠༡༣ ལོའི་ཟླ་ ༥ པའི་ནང་རྒྱ་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་བའི་རྗེས་སུ་རང་ལོ་ ༢༥ ཡིན་པའི་ཨ་དྲིལ་དགོན་པའི་གྲྭ་ཚེ་བཀྲ་ལགས་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བྱས་ཏེ་ཟླ་བ་བདུན་ཙམ་ལ་བཀག་ཉར་བྱས་ཐོག་རྡུང་རྡེག་མནར་གཅོད་ཚད་མེད་བཏང་བའི་གནས་ཚུལ་བྱུང་འདུག  

ཉེ་ལམ་འདི་ག་ལྟེ་གནས་ཁང་ལ་ཁུངས་ལྡན་གྱི་གནས་ཚུལ་མཁོ་སྤྲོད་བྱས་དོན་ལྟར་ན་ཨ་དྲིལ་དགོན་པའི་དགེ་སྐོས་ཚེ་བཀྲ་ལགས་ཀྱིས་ཁོང་གི་ཉེ་འབྲེལ་རང་ལུས་མེར་སྲེག་གཏོང་མཁན་བསྟན་འཛིན་ཤེས་རབ་ཀྱི་སྐུ་ཕུང་པར་བརྒྱབས་ཏེ་ཕྱི་ཕྱོགས་ཀྱི་བོད་མི་ཞིག་ལ་མཁོ་སྤྲོད་བྱས་པར་བསྙད་ནས་རྒྱ་གཞུང་ཉེན་རྟོག་པས་ཁོང་ཉིད་འཇུ་བཟུང་བྱས་ཏེ་ཟླ་བ་བདུན་གྱི་རིང་བཀག་ཉར་བྱས་ཤིང་དེའི་རིང་སྡུག་སྦྱོང་མནར་གཅོད་ཚོད་མེད་མྱངས་ཡོད་པའི་དངོས་བདེན་གྱི་གནས་ཚུལ་འབྱོར་བྱུང་།  

སྐབས་དེར་རྒྱ་གཞུང་གིས་དབྱུག་པ་ལེབ་རྡུང་གི་ཉེས་ཆད་ལག་བསྟར་བྱས་ཏེ་གྲྭ་ཚེ་བཀྲ་ལགས་བཞུགས་སའི་ཨ་དྲིལ་དགོན་པར་ཉེན་རྟོག་པ་ཕོན་ཆེན་འགྲེམས་འཇོག་བྱས་ནས་དགོན་པའི་ནང་དུ་སུ་ཞིག་གིས་“ཁ་བྲལ་གྱི་བྱ་བ་”བརྩམས་པ་ཡིན་ན་དགོན་པ་སྒོ་བརྒྱག་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་མ་ཟད་གྲྭ་བཙུན་ཚོས་“ཏང་གི་བཀའ་དྲིན་དྲན་དགོས་”ཟེར་ནས་ཆབ་སྲིད་ཀྱི་སློབ་གསོ་མང་དག་ཅིག་བཏང་ཡོད་པ་རེད།  

ས་གནས་ཉེན་རྟོག་པས་གྲྭ་ཚེ་བཀྲ་དང་ཁོང་གི་སྤུན་མཆེད་ཐུབ་བསྟན་སྒྲོལ་མ་དང་འཇིགས་སྐྱིད་བཅས་ལ་རང་ལུས་མེར་སྲེག་གཏོང་མཁན་བསྟན་འཛིན་ཤེས་རབ་ཀྱི་སྐུ་ཕུང་གི་པར་ཕྱི་ཕྱོགས་སུ་བཏང་བའི་ཉེས་འཛུགས་བྱས་འདུག  བསྟན་འཛིན་ཤེས་རབ་ཀྱི་སྐུ་ཕུང་ཞུགས་འབུལ་སྐབས་སུ་གྲྭ་ཚེ་བཀྲའི་ཁ་པར་བོར་བརླག་ཤོར་འདུག་ཀྱང་རྒྱ་གཞུང་ཉེན་རྟོག་པས་གྲྭ་ཚེ་བཀྲ་འཇུ་བཟུང་བྱས་ཏེ་ཁྱིམ་དུ་ཁ་པར་བཙལ་བ་དང་ཐུབ་བསྟན་སྒྲོལ་མ་དང་འཇིགས་སྐྱིད་གཉིས་ལ་འདྲི་བརྩད་ནན་པོ་བྱས་འདུག

བུད་མེད་གཉིས་ལ་འདྲི་བརྩད་ཡང་ཡང་བྱས་རྗེས་ཟླ་བ་གཅིག་ཡང་མ་འགོར་བར་ས་གནས་གཞུང་འབྲེལ་གསར་ཁང་ནང་དུ་བསྟན་འཛིན་ཤེས་རབ་ཀྱིས་རང་གི་དགའ་རོགས་དང་མ་འགྲིག་པའི་རྐྱེན་གྱིས་རང་ལུས་མེར་སྲེག་བཏང་ཡིན་པའི་ལོག་འགྲེལ་བྱས་འདུག  

འོན་ཀྱང་བསྟན་འཛིན་ཤེས་རབ་དང་ཧ་ཅང་འབྲེལ་ཆེ་བའི་མི་ཞིག་གིས་འདི་ག་ལྟེ་གནས་ཁང་དུ་གནས་ཚཱུལ་འགྲེལ་བརྗོད་བྱས་པ་ལྟར་ན་ཁོང་གིས་རང་ལུས་མེར་སྲེག་མ་བཏང་བའི་གོང་དུ་བོད་ནང་དུ་རང་སྲེག་གི་ངོ་རྒོལ་བསྟུན་མར་བྱུང་བ་རྣམས་ལ་སེམས་ཚོར་ཆེན་པོ་ཡོད་པ་མ་ཟད་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་ཇུས་ལ་རྟག་ཏུ་མི་འདོད་པའི་སྐད་ཆ་ཤོད་ཀྱི་ཡོད་པ་མ་གཏོགས་གཟའ་ཚང་དང་མ་འཆམ་པའི་གནད་དོན་ཞིག་རྩ་ནས་བྱུང་མེད་པ་རེད། 

བསྟན་འཛིན་ཤེས་རབ་ཀྱི་ནང་མི་རྣམས་ནི་རྒྱ་ནག་གཞུང་གིས་བཙན་གྱིས་གྲོང་དུ་སྤོས་བཅུག་པའི་འབྲོག་པ་ཡིན་ཞིང་སྲོལ་རྒྱུན་གྱི་འཚོ་ཐབས་འཕྲོག་པར་བརྟེན་དུས་རྒྱུན་དབྱར་རྩ་དགུན་འབུ་ཁོ་ནར་བརྟེན་དགོས་ཀྱི་ཡོད་པ་རེད། དཔལ་འབྱོར་ཆེད་མཁས་པ་ཨེན་ཌུ་ཧྥི་སི་ཆར་ Andrew Fischer གྱིས་བོད་ནང་གི་རང་ལུས་མེར་སྲེག་གི་ངོ་རྒོལ་མང་པོ་ཞིག་འབྲོག་པ་གྲོང་དུ་བསྒྱུར་གྱི་གནོད་སྐྱོན་ཐེབས་སའི་ས་ཁུལ་ནས་ཡིན་པའི་གྲུབ་དོན་བསྟན་པ་དེ་ཡིས་ཀྱང་འཚོ་ཐབས་རྩ་གཏོར་བཏང་ནས་བོད་མི་ཚོར་གནོད་སྐྱོན་གང་འདྲ་ཐེབས་་ཡོད་མེད་གསལ་པོར་མཚོན་ཐུབ།  

རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་གྱིས་བོད་མིའི་རང་ལུས་མེར་སྲེག་གི་དོན་རྐྱེན་ནམ་བྱུང་ལ་རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མི་དང་ཕྱི་རྒྱལ་གྱི་ངན་ཤུགས་ལ་བརྟེན་ནས་བྱུང་བ་རེད་ཟེར་བ་དང་རང་ལུས་མེར་སྲེག་གཏོང་མཁན་ཚོར་སེམས་ཁམས་བདེ་ཐང་མེད་པའམ།  རྐུན་ཇག་གི་ལས་བསགས་པ། ཁྱིམ་ཚང་དང་མ་འགྲིག་པ་རེད་ཟེར་བ་སོགས་ཀྱི་ངན་ཁག་འདྲ་མིན་དཀྲི་ཐབས་བྱས་ཡོད་ཅིང་རང་ལུས་མེར་སྲེག་ནི་སྲོག་གཅོད་པའི་ནག་ཉེས་སུ་བརྩིས་ཡོད། རང་ལུས་མེར་སྲེག་གཏོང་མཁན་ཚང་མས་རྒྱ་ནག་གི་གདུག་རྩུབ་ཆེན་བའི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་ཡིན་མོད་རྒྱ་ནག་གི་གནད་དོན་ངོ་མ་འདི་གཡོལ་ཐབས་སུ་གོང་འཁོད་ཀྱི་བྱེད་ཐབས་དེ་དག་བེད་སྤྱོད་གཏོང་བཞིན་ཡོད།  

to top