འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་གནས་བསྡུའི་རེའུ་མིག་བསྐྱར་སྒྲིག་བྱས་པའི་དྲྭ་ཚིགས་ཤིག་འདོན་སྤེལ་ཞུས་པ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཏན་འབེབས་ཆེད་བརྗོད་“འདྲ་མཉམ་”ཞེས་པ་བདམས་ཏེ་དེ་རིང་ང་ཚོས་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུ་བཞིན་ཡོད། འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་ཀྱི་དོན་ཚན་དང་པོའི་ནང་དུ་“མི་ཐམས་ཅད་སྐྱེས་དུས་ནས་རང་དབང་ཡིན་ལ་ཆེ་མཐོང་དང་ཐོབ་ཐང་འདྲ་མཉམ་ཡིན”ཞེས་འཁོད་ཡོད། དེ་ནི་འགྲོ་བ་མིའི་ཐོབ་ཐང་ཡོངས་རྫོགས་ཀྱི་སྲོག་ཤིང་ཡིན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ ༢༠༣༠ ལོའི་ཡུན་གནས་གོང་འཕེལ་གྱི་དམིགས་ཚད་ 2030 agenda ཀྱི་སྙིང་པོ་ཡང་ཡིན། རྒྱ་ནག་གིས་ཀྱང་དམིགས་ཚད་དེ་དག་དུས་ལྟར་འགྲུབ་ཐབས་སུ་ཁས་ལེན་མང་དག་ཅིག་བྱས་ཡོད། དམིགས་ཚད་དེའི་དུས་བཀག་ཟིན་པར་ལོ་བརྒྱད་ལྷག་ཙམ་ལས་མེད་མོད། འོན་ཀྱང་བོད་གི་དངོས་ཡོད་གནས་སྟངས་ནི་“འདྲ་མཉམ་གྱི་ཆེ་མཐོང་དང་ཐོབ་ཐང་།  ཡུན་གནས་གོང་འཕེལ་གྱི་དམིགས་ཚད་”སོགས་ལས་རྒྱང་ཐག་ཇེ་རིང་ནས་ཇེ་རིང་འགྲོ་བཞིན་ཡོད། 

འདི་ལོ་ཕྱི་ཟླ་བདུན་པའི་ནང་ཞི་ཅིན་ཕིང་བོད་དུ་ཡོང་སྟེ་“ངེས་པར་དུ་”བསྒྲུབ་དགོས་པའི་དོན་ཚན་དགུ་བགྲངས་པའི་ནང་“བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུ་”དང་རྒྱ་ནག་གི་འོག་ཏུ་“མི་རིགས་མཐུན་སྒྲིལ་”ཡོང་ཐབས་སུ་ཁ་གཡར་ནས་“མི་རིགས་ཁག་གི་དབར་སྤེལ་རིས་དང་མཉམ་འདྲེས་” བྱ་དགོས་པའི་སྐུལ་མ་ཤུགས་དྲག་བྱས།

བོད་མིའི་ངོ་བོ་རྩ་བརླག་ཏུ་བཏང་སྟེ་བོད་རིགས་རྒྱ་རིགས་སུ་བསྒྱུར་ཐབས་སུ་“ཀྲུང་ཧྭ་མི་རིགས་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་”ཟེར་བ་ཡོད་དགོས་ཟེར་ནས་བོད་ཀྱི་སྐད་ཡིག་སློབ་སའི་སྒེར་བཙུགས་སློབ་གྲྭ་མང་དག་ཅིག་རིམ་པས་སྒོ་བརྒྱག་ཏུ་བཅུགས་ཤིང་བོད་ནང་གི་གཞུང་བཙུགས་སློབ་གྲྭ་ཁག་གི་བསླབ་གཞིའི་སྐད་ཡིག་རྒྱ་ཡིག་ཏུ་བསྒྱུར།    འདི་ལོའི་ཕྱི་ཟླ་༩ པའི་ཚེས་ ༡ ཉིན་བོད་ནང་གི་སྔོན་འགྲོའི་སློབ་གྲྭ་ཡན་ཆད་དུ་རྒྱའི་སྤྱི་སྐད་སློབ་དགོས་པའི་སྒྲིག་གཞི་བཟོས་ཤིང་རྒྱའི་སྤྱི་སྐད་དར་སྤེལ་གྱི་ཕྱོགས་ནས་བོད་རང་སྐྱོང་ལྗོངས་སོགས་སུ་ལས་འགུལ་གྱི་ཚ་རླབས་འཕྱུར་བ་སྤེལ།  བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་སྲོག་ཤིང་ལྟ་བུའི་དགོན་སྡེ་ཁག་གི་ནང་དུའང་རྒྱའི་སྤྱི་སྐད་དར་སྤེལ་བཏང་སྟེ་རྒྱ་ཡིག་ཏུ་ནང་ཆོས་སློབ་གཉེར་བྱ་རྒྱུའི་འཆར་གཞི་བསྒྲིགས།  སྒོ་ཤེར་རབ་རྒྱ་མཚོ་སོགས་སྤྱི་ཚོགས་ཁྲོད་ཤུགས་རྐྱེན་ཡོད་པའི་བོད་ཀྱི་ཤེས་ལྡན་མི་སྣ་གལ་ཆེན་མང་དག་ཅིག་དོན་མེད་དུ་འཇུ་བཟུང་བཙན་ཁྲིད་བྱས།  

རྒྱ་དམག་གིས་བོད་མི་ཚོའི་ཁང་ཁྱིམ་དང་ཁ་པར་གང་བྱུང་བསྔོག་བཤེར་བྱས་ཏེ་༧གོང་ས་མཆོག་གི་སྐུ་པར་ཉར་བའི་རྒྱུ་མཚན་གཙོ་བོར་བྱས་ནས་རྫ་དབོན་པོ་དང་སྐྱེ་དགུ་མདོ་སོགས་ནས་བོད་མི་བརྒྱ་ལས་བརྒལ་བ་འཇུ་བཟུང་བཀག་ཉར་བྱས་ཤིང་འགའ་ཤས་ཀྱི་གནས་སྟངས་ད་དུང་གསལ་ཁ་མེད་པར་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སུ་གྱུར་ཡོད།  བོད་རིགས་ལས་བྱེད་པ་ཚོའི་ནང་མི་བུ་ཕྲུག་དང་བཅས་པ་ཆོས་ལུགས་ཀྱི་བྱེད་སྒོར་ཞུགས་མི་ཆོག་པའི་བཙན་བཀའ་བཏང་བ་སོགས་འདི་ལོ་ལོ་གཅིག་ཁོ་ནའི་གནས་ཚུལ་ལ་བལྟས་ཀྱང་བོད་ནང་གི་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་གཏན་ནས་མེད་པ་མ་ཟད་ཛ་དྲག་ཇེ་ཆེར་འགྲོ་བཞིན་ཡོད་པ་མངོན་གསལ་རེད། 

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ཕྱི་ལོ་ ༡༩༩༠ ནས་ཉར་ཚགས་བྱས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་/ཟུར་ ༥༥༠༠ ལྷག་གི་གནས་ཚུལ་འཁོད་པའི་གནས་བསྡུས་རེའུ་མིག་ཅིག་དྲྭ་ཚིགས་སུ་བསྐྱར་སྒྲིག་བྱས་ཡོད།

བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་མཚན་གཞུང་ཡོད་པའི་དྲྭ་ཚིགས་འདི་བསྐྱར་སྒྲིག་བྱས་པའི་གོ་རིམ་གྱི་ཁྲོད་ང་ཚོས་སྔ་མོ་ནས་ཉར་ཚགས་བྱས་པའི་ཡིག་ཚགས་རེ་རེ་བཞིན་ཞིབ་བཤེར་དང་སྐབས་སོ་སོའི་ཆབ་སྲིད་བཙོན་པ་རྣམས་ཀྱི་གནས་ཚུལ་སྔ་ཕྱི་བར་གསུམ་ཀུན་ལ་རྩད་ཞིབ་ནན་པོ་བྱས་ཏེ་གཟབ་ནན་ངང་བསྐྱར་སྒྲིག་བྱས་པ་ཡིན་པས་འདི་ནི་རྒྱ་ཆེའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་རྣམ་པ་དང་ཉམས་ཞིབ་པ་རྣམ་པ། ཕྱི་ནང་གི་ཚོགས་སྒེར་གྱི་མི་སྣ་སུས་གཟིགས་ཀྱང་དྲྭ་ཚིགས་འདི་ཉིད་འདས་པའི་མི་ལོ་ ༣༠ ལྷག་གི་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཅི་འདྲ་ཡིན་མིན་གསལ་པོ་རྟོགས་བྱེད་ཀྱི་སྒེའུ་ལྟ་བུར་ངོས་འཛིན་ཞུ་ཆོག་པ་ཡིན།

འདི་ག་ལྟེ་གནས་ཁང་གིས་དེ་རིང་འགྲོ་བ་མིའི་ཐོབ་ཐང་ཉིན་མོ་དང་སྟབས་བསྟུན་བོད་ཀྱི་ཆབ་སྲིད་བཙོན་པ་ ༥༥༠༠ ལྷག་གི་གནས་ཚུལ་གྱི་བདེན་དཔང་བྱས་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ལོ་རེ་བཞིན་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་འདུག་ཅེས་ནན་བརྗོད་བྱ་རྒྱུ་ཡིན་ཞིང་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་གནང་མཁན་གྱི་ཚོགས་སྡེ་ཁག་དང་མི་སྒེར་ཡོངས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་དུ་མི་རིགས་དང་རིག་གཞུང་རྩ་མེད་གཏོང་ཐབས་ཀྱི་ལས་འགུལ་སྤེལ་བཞིན་པ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས་པ་དང་༧ཀུན་གཟིགས་པན་ཆེན་རིན་པོ་ཆེ་གཙོས་པའི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་མྱུར་དུ་གློད་གྲོལ་དགོས་པའི་དགོས་འདུན་འདོན་རོགས་ཞེས་རེ་སྐུལ་ཤུགས་དྲག་ཞུ་རྒྱུ་ཡིན། 

to top