མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོ་བསུ།

དེ་རིང་ཕྱི་ཟླ་ ༦ པའི་ཚེས་ ༢༦ སྟེ་“མནར་གཅོད་ཕོག་མཁན་རྣམས་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོ་”དང་སྟབས་བསྟུན་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་རྒྱ་ནག་དམར་པོའི་གཞུང་གིས་གདུག་རྩུབ་ཀྱི་འོག་ཏུ་སྡུག་སྦྱོང་མནར་གཅོད་ཚད་ལས་བརྒལ་བ་མྱངས་དང་མྱོང་བཞིན་པའི་ཐོབ་ཐང་དོན་གཉེར་གནང་མཁན་གྱི་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་དང་ཁོང་ཅག་གི་འབྲེལ་ཡོད་ཉེ་འབྲེལ་ཡོངས་ལ་གདུང་སེམས་མཉམ་སྐྱེད་ཞུ་རྒྱུ་ཡིན། 

མནར་གཅོད་ནི་འགྲོ་བ་མིའི་རིགས་ལ་རྒོལ་བའི་ནག་ཉེས་ཤིག་ཏུ་ངོས་འཛིན་ཐོག་རྒྱལ་སྤྱིའི་ཁྲིམས་ཐོག་ནས་གནས་བབ་གང་ལའང་དམིགས་བསལ་རྩ་ནས་མེད་པར་མནར་གཅོད་ཀྱི་རིགས་སྤོངས་དགོས་པ་གསལ་ཡོད་མོད།  འོན་ཀྱང་རྒྱ་ནག་གཞུང་ལ་མཚོན་ན་“རྒྱལ་ཁབ་བདེ་འཇགས་ལ་ཉེན་ཁ་”དང་“མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག”“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”“རྒྱལ་ཁབ་ཀྱི་གསང་བ་ཕྱིར་བསྒྲགས་པ་”ཟེར་བ་སོགས་མནར་གཅོད་གཏོང་བྱེད་ཀྱི་ལག་ཆ་ལྟ་བུའི་གོ་དོན་མག་མོག་ཅན་གྱི་བརྗོད་ཚིག་སྤྱད་དེ་བོད་མི་རྣམས་འཇུ་བཟུང་བཙོན་འཇུག་དང་མནར་གཅོད་དྲག་པོ་གཏོང་བཞིན་ཡོད། 

རྒྱ་ནག་དམར་པོའི་གཞུང་གིས་བོད་ས་བཙན་བཟུང་བྱས་པ་ནས་བཟུང་དྲག་པོའི་མནར་གཅོད་ཆེས་ཆེར་སྤྱད་དེ་བོད་མི་རྣམས་འདུལ་སྦྱོང་བྱེད་ཐབས་བྱེད་ཀྱི་ཡོད་ཅིང་ལྷག་པར་དུ་ཞི་ཅིང་ཕིང་གི་དུས་སྐབས་ནི་བོད་ལ་མཚོན་ན་མནར་གཅོད་ཀྱི་ཚ་རླབས་དྲག་ཏུ་འཕྱུར་བའི་དུས་ཚོད་ཅིག་རེད།  ཞི་ཅིང་ཕིང་གི་“དུས་རབས་གསར་པ་”ཟེར་བ་ནས་བཟུང་སྟེ་བོད་ས་ཡོངས་ལ་སྔར་ལས་ལྷག་གི་དམ་དྲག་རྒྱ་ཆེར་བྱུང་ཡོད་པ་མ་ཟད་འཆར་གཞི་སྔོན་དུ་བཏང་བའི་སྒང་ནས་བོད་དུ་“རིག་གཞུང་བཙན་བསྒྱུར་”དང་“མི་རིགས་རྒྱ་བསྒྱུར་”གྱི་སྲིད་ཇུས་མངོན་གསལ་དོད་པོར་ལག་བསྟར་བྱས་ཏེ་དེ་དག་ལེགས་འགྲུབ་ཡོང་ཆེད་ནག་ཉེས་ཅི་ཡང་མེད་པའི་བོད་ཀྱི་ཤེས་ལྡན་མི་སྣ་གཙོ་བོར་གྱུར་བའི་ཐོབ་ཐང་དོན་གཉེར་གནང་མཁན་གྱི་བོད་མི་ཧ་ཅང་མང་པོ་འཇུ་བཟུང་བཙོན་འཇུག་དང་ཁྲིམས་ཆད་ལྕི་མོ་བཏང་དང་གཏོང་མུས་རེད། 

རྒྱ་ནག་ནི་“མནར་གཅོད་ཀྱི་རིགས་འགོག་པའི་རྒྱལ་སྤྱིའི་སྤྱི་ཆིངས་”ལ་མཚན་འགོད་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པར་བརྟེན་དེ་ཉིད་ལག་བསྟར་འགན་སྲུང་འོས་འགན་དངོས་སུ་དང་དུ་བླངས་ཏེ་“རྒྱལ་ཁབ་བདེ་འཇགས་”དང་“མི་རིགས་མཐུན་སྒྲིལ་”ཟེར་བ་སོགས་ཀྱི་བརྗོད་ཚིག་གི་འོག་ནས་བོད་མི་ཚོར་ཁྲིམས་མེད་ལུགས་མེད་ཀྱི་མནར་གཅོད་གཏོང་མཚམས་འཇོག་དགོས་པ་ཡིན་ལ་མནར་གཅོད་དང་འབྲེལ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྙན་སྒྲོན་པ་ལྟ་ཞིབ་ཏུ་ཡོང་བར་ཆོག་མཆན་སྤྲོད་དགོས། མ་ཟད་མནར་གཅོད་ཕོག་པར་དོགས་པའི་གནས་ཚུལ་ཅི་རིགས་ལ་རྟོག་ཞིབ་བྱེད་མཁན་གྱི་རང་དབང་ལྡན་པའི་ཚོགས་ཆུང་ཆེད་བཙུགས་བྱེད་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།  

དེ་རིང་མནར་གཅོད་ཕོག་མཁན་ལ་རྒྱབ་སྐྱོར་གྱི་རྒྱལ་སྤྱིའི་ཉིན་མོ་དང་སྟབས་བསྟུན་འདི་ག་ལྟེ་གནས་ཁང་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་དོན་དུ་རྒྱ་ནག་གཞུང་གི་གདུག་རྩུབ་འོག་སྡུག་སྦྱོང་མནར་གཅོད་ཚོད་མེད་མྱངས་དང་མྱོང་བཞིན་པའི་བོད་མི་རྣམས་ཀྱི་སྙིང་སྟོབས་ལ་ཡི་རངས་མཚོན་ཆེད་དང་མནར་གཅོད་ནི་ཆེས་གདུག་རྩུབ་དང་མཐའ་ཤལ་གྱི་བྱ་སྤྱོད་ཅིག་ཡིན་པར་བརྟེན་དེ་ཉིད་གནས་བབ་གང་དུའང་སྤྱོད་མི་རུང་བར་དྲན་སྐུལ་ཞུ་ཆེད་བོད་ཀྱི་ཆབ་སྲིད་བཙོན་ཟུར་ཁག་ཅིག་གི་བདེན་དཔང་བརྙན་ཐུང་དང་པར་རིས་སོགས་རིམ་བཞིན་འགོད་རྒྱུ་ཡིན། ཁོང་རྣམས་ཀྱིས་སྙིང་སྟོབས་ཆེན་པོས་མུ་མཐུད་རྒྱ་ནག་གི་གདུག་རྩུབ་ཀྱི་ངོ་གདོང་ཕྱིར་སྟོན་པར་ང་ཚོས་བཅོས་མིན་གྱིས་རྗེས་སུ་ཡི་རངས་གྲངས་མེད་ཞུ།  

བརྗེད་དུ་མེད་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་བདེན་དཔང་ཚིག་ཐོ། 

བརྗེད་དུ་མེད་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་བདེན་དཔང་ཚིག་ཐོ། 

བརྗེད་དུ་མེད་པ། བོད་ཀྱི་ཆབ་སྲིད་བཙོན་ཟུར་གྱི་བདེན་དཔང་ཚིག་ཐོ། 

དེ་རིང་ནས་བཟུང་ཉིན་བཅུ་ཡི་རིང་“བརྗེད་དུ་མེད་པ་”ཞེས་པའི་ལས་འགུལ་རིམ་བཞིན་ལྟ་གནས་ཁང་གི་སྤྱི་ཚོགས་དྲྭ་རྒྱ་ཁག་ཏུ་འགོད་ངེས་ཡིན།

to top