མང་གཙོའི་ལེགས་བྱང་སྤེལ་རྒྱུ་ནི་བོད་མིའི་མང་གཙོ་སྲ་བརྟན་གཏོང་ཐབས་ཀྱི་གཙོ་གནད་ཡིན།

དེ་རིང་བོད་ཀྱི་མང་གཙོའི་དུས་ཆེན་ཐེངས་ ༦༢ པར་འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་ནས་གཞིས་བྱེས་བོད་མི་ཡོངས་ལ་སྤྲོ་སེམས་འཁོལ་བའི་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ། ༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དགོངས་བཞེད་དང་ལམ་སྟོན་འོག་རང་ཅག་བོད་མི་ཡོངས་ཀྱིས་འདས་པའི་བགྲང་བྱ་ ༦༢ ཀྱི་རིང་ཆོད་སེམས་དང་བློ་སྟོབས་ཆེན་པོས་རང་དབང་མང་གཙོའི་ལམ་སྲོལ་ལག་བསྟར་གྱི་ཕྱོགས་ལ་འབད་འབུངས་རྒྱ་ཆེར་བྱས་ཡོད།

ལོ་རྒྱུས་རང་བཞིན་ལྡན་པའི་དུས་སྐབས་ཤིག་སྟེ་ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༩ པའི་ཚེས་ ༢ ཉིན་བཞུགས་སྒར་དུ་རང་རེའི་བཙན་བྱོལ་བོད་མིའི་གྲོས་ཚོགས་ཐོག་མར་དབུ་བརྙེས་པ་དང་། ཕྱི་ལོ་ ༡༩༩༡ ལོར་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་གནང་། ཕྱི་ལོ་ ༢༠༠༡ ལོར་བཙན་བྱོལ་བོད་གཞུང་གི་ཆབ་སྲིད་ཀྱི་དབུ་ཁྲིད་བཀའ་བློན་ཁྲི་པ་མི་མང་གིས་ཐད་ཁར་འོས་འདེམས་བྱ་རྒྱུའི་ལམ་སྲོལ་གཏོད། ཕྱི་ལོ་ ༢༠༡༡ ལོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆབ་སྲིད་ཀྱི་ཐུགས་འགན་ཡོངས་རྫོགས་མི་མང་གིས་ཐད་ཀར་བདམས་པའི་སྲིད་སྐྱོང་ལ་བསྩལ་གནང་མཛད་པ་སོགས་རང་དབང་མང་གཙོའི་ལམ་ཕྱོགས་ལ་མདུན་སྐྱོད་རྒྱ་ཆེར་བྱུང་ཡོད།

ད་ལྟའི་ཆར་ང་ཚོར་མང་གཙོའི་ལམ་སྲོལ་དང་རྩ་འཛིན་གཞིར་བཟུང་གིས་བཙུགས་པའི་སྒྲིག་འཛུགས་ཀྱི་མ་ལག་ཡོད་པ་མ་ཟད་ལོ་ལྔ་རེའི་མཚམས་ནས་འོས་འདེམས་བྱས་པའི་སྤྱི་འཐུས་གྲོས་ཚོགས་དང་ཁྲིམས་ལུགས་དབང་འཛིན་ཡང་ཡོད། དེ་བཞིན་འོས་བསྡུ་ལས་ཁང་དང་རྩིས་ཞིབ་ལས་ཁང་། འདེམས་བསྐོ་ལྷན་ཁང་བཅས་རང་དབང་ལྡན་པའི་ལྷན་ཁང་ཁག་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་གསར་འགྱུར་བརྒྱུད་ལམ་གྱི་སྒྲིག་འཛུགས་ཀྱང་ཡོད་པ་ཡིན། འོན་ཀྱང་མང་གཙོའི་སྒྲིག་འཛུགས་ཤིག་ཡོད་པ་ཙམ་གྱིས་ང་ཚོར་རང་དབང་དང་ཞི་བདེ། བདེ་འཇགས། འགྲོ་བ་མིའི་ཐོབ་ཐང་། ཕོ་མོ་འདྲ་མཉམ་སོགས་མང་གཙོའི་རིན་ཐང་རྣམས་ཡོངས་སུ་ཐོབ་ཐུབ་པའི་ངེས་པ་མེད་པར་བརྟེན། རང་རེའི་སྤྱི་ཚོགས་སུ་མང་གཙོའི་ལེགས་བྱང་ཕུན་སུམ་ཚོགས་པ་ཞིག་དར་བར་ང་ཚོས་ངེས་པར་དུ་མང་གཙོའི་རིན་ཐང་དང་རྩ་འཛིན། ལྟ་སྤྱོད་སོགས་སྤེལ་ཐབས་ཀྱི་ཕྱོགས་ལ་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་འདོན་རྒྱུའི་དུས་ལ་བབས་ཡོད། དེ་ལྟ་བུའི་མང་གཙོའི་ལེགས་བྱང་སྤེལ་བར་མི་མང་ཡོངས་རྫོགས་མང་གཙོའི་ལམ་ལུགས་ཁྲོད་དུ་མཉམ་ཞུགས་ཧུར་ཐག་དགོས་པ་ཡིན་ལ་མི་མང་ཀུན་ལ་དུས་ཐོག་གི་གོ་རྟོགས་དགོས་པའང་གལ་ཆེ། བར་གནས་འགྲིག་མཐུན་དང་མང་མོས་ཐག་གཅོད་ལ་བརྩི་བཀུར་ཐུབ་པའི་འདུ་ཤེས་བརྟན་པོ་ཡོད་པའི་ཁར་གནས་བབ་ལ་བསྟུན་ཤེས་དང་བསམ་ཚུལ་སྣ་མང་སོགས་ལ་བཟོད་བསྲན་བྱ་ཐུབ་པའི་སྙིང་སྟོབས་ཡོད་དགོས། སྤྱི་ཚོགས་གང་དུ་ཡིན་ཡང་རྩོད་རྙོག་དང་མི་མཐུན་པའི་རིགས་འབྱུང་བ་ནི་འགོག་ཏུ་མེད་པའི་ཆོས་ཉིད་ཅིག་ཡིན་པས་དེ་འདྲའི་གནས་སྐབས་སུ་འགྲིག་འཇགས་ཞི་མཐུན་ཡོང་བར་བཟོད་བསྲན་དང་གྲོས་མོལ་གཉིས་ཀྱི་ལམ་ལ་བསྟེན་ཐུབ་ན་དོན་དམ་པའི་མང་གཙོ་ལག་བསྟར་བྱ་ཐུབ་ངེས་ཡིན་ལ་གྲོས་མོལ་སྐབས་སུའང་སྤྱི་སྒེར་སུ་གང་གི་ཐོབ་ཐང་ལ་དོ་ཕོག་མི་གཏོང་བར་ཕུགས་རྒྱང་རིང་ས་དང་སྤྱི་ཚོགས་ཧྲིལ་པོའི་ཁེ་ཕན་གཙོ་བོར་འཛིན་དགོས་པ་ནི་དོར་དུ་མི་རུང་བའི་གནད་འགག་ཅིག་ཡིན།

མང་གཙོའི་ལེགས་བྱང་ཕུན་སུམ་ཚོགས་པ་ཞིག་དར་སྤེལ་ཡོང་བའི་ཆ་རྐྱེན་མེད་དུ་མི་རུང་བ་ཞིག་ནི་མི་མང་ལ་རང་དབང་དང་གོ་རྟོགས་ལྡན་དགོས་པ་ཡིན། རང་དབང་དང་གོ་རྟོགས་ལྡན་པའི་མི་གང་མང་ཞིག་སྐྱེད་སྲིང་བྱ་བར་ཤེས་ཡོན་དང་གོ་རྟོགས་སྤེལ་བའི་ལས་གཞི་མང་ཙམ་སྤེལ་རྒྱུ་ནི་འདི་ག་ལྟེ་གནས་ཁང་གིས་ཧ་ཅང་གཙིགས་ཆེན་དུ་བརྩིས་ཡོད་ཅིང་སྤྱི་ཚོགས་ཀྱི་སྡེ་ཁག་སོ་སོར་མང་གཙོའི་རིན་ཐང་དང་རྩ་འཛིན། ཤེས་བྱ་སོགས་གང་ཐུབ་མཁོ་སྤྲོད་བྱ་རྒྱུ་ནི་ཧ་ཅང་གནད་འགག་ཅིག་ཏུ་བརྩི་བཞིན་ཡོད། མ་ཟད་རྙོག་འཛིང་ཅན་གྱི་གནད་དོན་དང་བསམ་ཚུལ་སོགས་ཀྱི་སྒང་ལའང་ཡོངས་ཁྱབ་གྲོས་མོལ་དང་བགྲོ་གླེང་བྱ་སའི་ཁོར་ཡུག་ངེས་ཅན་ཞིག་བསྐྲུན་དགོས་པའང་གལ་ཆེན་དུ་མཐོང་།

དེར་བརྟེན། འདི་ལོའི་ལོ་མཇུག་ནས་བཟུང་སྟེ་འདི་ག་ལྟེ་གནས་ཁང་གི་ངོས་ནས་རང་རེའི་བོད་མིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་སྤྱི་ཚོགས་གཉིས་ཀར་དམིགས་ཏེ་མང་གཙོའི་སྐོར་ལ་གོ་རྟོགས་སྤེལ་ཐབས་ཀྱི་ལས་རིམ་མང་དག་ཅིག་བང་བསྒྲིགས་ཡོད། རང་རེའི་བཙོན་བྱོལ་བོད་མིའི་མང་གཙོའི་ལམ་ལུགས་དང་འཕེལ་རིམ་གྱི་སྐོར་ལ་ངོ་སྤྲོད་ཀྱི་མུ་འབྲེལ་བརྙན་ཐུང་བཟོ་རྒྱུ་དང་། ན་གཞོན་སྐྱ་སེར་གཉིས་གཙོ་བོར་གྱུར་བའི་རང་རེའི་སྤྱི་ཚོགས་ཁྲོད་དུ་མང་གཙོའི་ལེགས་བྱང་དང་རིན་ཐང་། རྩ་འཛིན་སོགས་ཀྱི་སྐོར་ལ་བགྲོ་གླེང་དང་གྲོས་བསྡུར་གྱི་མུ་འབྲེལ་ལས་རིམ་ཁག་ཅིག་ཀྱང་གོ་སྒྲིག་ཞུ་འཆར་ཡོད། མ་ཟད་བགྲོ་གླེང་དེ་དག་གི་ཁྲོད་དུ་སྤྱི་ཚོགས་ཁྱོན་ཡོངས་མཉམ་ཞུགས་ཐུབ་ཐབས་སུ་དེ་དག་བརྙན་དུ་ཕབས་ནས་སྐད་གཉིས་ཟུང་འབྲེལ་ཐོག་སྤྱི་ཚོགས་དྲྭ་རྒྱུའི་བརྒྱུད་ལམ་ཁག་ཏུ་འདོན་སྤེལ་ཞུ་རྒྱུ་ཡིན། གཞན་ཡང་བོད་མིའི་སྤྱི་ཚོགས་ཁྲོད་དུ་རང་སྐད་ཡིག་གི་ལམ་ནས་འཕྲུལ་རིག་གིས་མང་གཙོར་ཐེབས་པའི་ཤུགས་རྐྱེན་དང་སྤྱི་ཚོགས་དྲྭ་རྒྱའི་སྟེང་གི་སྨྲ་བརྗོད་རང་དབང་དང་གནས་ཚུལ་བདེན་རྫུན་གྱི་དབྱེ་འབྱེད། ཆབ་སྲིད་ཀྱི་གནོན་ཤུགས་སོགས་ཀྱི་སྐོར་ལ་གོ་རྟོགས་ལས་འགུལ་སྤེལ་རྒྱུའི་འཆར་གཞི་ཡོད་པ་ཡིན།

to top