བོད་ཀྱི་ཚོང་པ་བསྟན་འཛིན་ཐར་པ་ལགས་ལ་ལོ་གཉིས་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག 

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་གསལ་ལྟར་ན་བོད་ཁམས་ཕྱོགས་འབྲི་རུ་ནས་ཡིན་པའི་ཚོང་པ་བསྟན་འཛིན་ཐར་པ་ལགས་ཀྱིས་ས་གནས་བོད་མིར་ཕྱི་ཕྱོགས་སུ་དངུལ་གཏོང་རོགས་བྱས་པར་བརྟེན་རྒྱ་ནག་གཞུང་གིས་ཁོང་ལ་ལོ་གཉིས་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཅད་བཏང་འདུག 

ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༡༠ པའི་ནང་དུ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ Human Rights Watch གིས་བཏོན་པའི་གནས་ཚུལ་ནང་དུ་ནག་ཆུ་གྲོང་ཁྱེར་འབྲི་རུ་རྫོང་ནས་ཡིན་པའི་བོད་མི་ཐར་པ་(རང་ལོ་༣༩)དང་ལྷ་མོ་(རང་ལོ་༣༦)གཉིས་ལོ་དེའི་ཕྱི་ཟླ་ ༦ པའི་ནང་དུ་འཇུ་བཟུང་བྱས་ཡོད་པ་དང་ལྷ་མོ་ལ་བཀག་ཉར་ཁང་དུ་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་བར་བརྟེན་ལོ་དེའི་ཕྱི་ཟླ་ ༨ པའི་ནང་འདས་གྲོངས་སུ་གྱུར་བའི་ཛ་དྲག་གི་གནས་ཚུལ་བཀོད་འདུག  དེ་ནས་བཟུང་བསྟན་འཛིན་ཐར་པ་ལགས་ཀྱི་གནས་ཚུལ་ཤེས་རྟོགས་མི་ཐུབ་པར་གྱུར་བ་རེད།

འོན་ཀྱང་། ཉེ་ལམ་ཤེས་རྟོགས་བྱུང་བའི་གནས་ཚུལ་ལྟར་ན་རྒྱ་གཞུང་གིས་གསང་བའི་སྒོ་ནས་ཁྲིམས་ར་ཚོགས་ཏེ་བསྟན་འཛིན་ཐར་པ་ལགས་ལ་ལོ་གཉིས་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཆད་བཏང་བ་འདི་ལོའི་ཕྱི་ཟླ་ ༡༢ པའི་ནང་དུ་ལོ་ཁ་གང་ནས་གློད་གྲོལ་ཐོབ་རྒྱུའི་དུས་ལ་སླེབས་ཡོད་པ་རེད། ཁོང་གི་ནང་མི་ཚོས་རྒྱའི་ཁྲིམས་རྩོད་པ་ཞིག་གླ་རྒྱུ་བྱུང་འདུག་ནའང་ཕྱི་གསལ་ནང་གསལ་གྱི་ཁྲིམས་བཤེར་བྱས་མེད་པ་མ་ཟད་ད་དུང་ཁོིང་ཉིད་གང་དུ་བཙོན་འཇུག་བྱས་ཡོད་མེད་སོགས་ཀྱི་གཞི་རྩའི་གནས་ཚུལ་ཡང་ནང་མིར་མཁོ་སྤྲོད་བྱས་མེད་པ་རེད། 

བསྟན་འཛིན་ཐར་པ་ལགས་ནི་སྔོན་ཆད་གསེར་རྟ་བླ་རུང་སྒར་གྱི་གྲྭ་པ་ཞིག་ཡིན་པ་དང་རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་གི་གྲྭ་བཙུན་རྣམས་གསེར་རྟ་བླ་རུང་སྒར་གཙོས་པའི་མདོ་ཁམས་ཕྱོགས་ཀྱི་དགོན་ཁག་ཏུ་སློབ་གཉེར་བྱེད་མི་ཆོག་པ་བཟོས་པར་བརྟེན་ཕྱི་ལོ་ ༢༠༡༢ ལོར་ཕྱིར་ཕ་ཡུལ་དུ་ལོག་སྟེ་སྐྱ་སར་བབས་ནས་དབྱར་རྩ་དགུན་འབུ་སོགས་ཀྱི་སྨན་རྩའི་ཚོང་ལས་བྱས་པར་ལམ་འགྲོ་ལེགས་པོ་བྱུང་འདུག  འབྲི་རུ་ནས་ཁོང་གིས་ཕ་ཡུལ་གྱི་ཕྲུ་གུ་ཚོའི་ཆེད་དུ་སློབ་གྲྭ་ཞིག་གསར་དུ་བཙུགས་འདུག་ཀྱང་དེ་ཉིད་རྒྱ་གཞུང་གིས་སྒོ་བརྒྱབས་ཏེ་ཁོང་ཉིད་ལ་རྒྱུན་དུ་ལྟ་རྟོགས་བྱེད་འགོ་བརྩམས་ཡོད་པ་རེད། 

བསྟན་འཛིན་ཐར་པ་ལགས་དང་དུས་མཉམ་དུ་འཇུ་བཟུང་བྱས་པའི་ལྷ་མོ་ལགས་མནར་གཅོད་ཀྱི་རྐྱེན་གྱིས་འདས་གྲོིངས་སུ་གྱུར་ཡང་ད་བར་རྒྱ་ནག་གཞུང་གིས་ཁོང་གི་གནད་དོན་ལ་ཞིབ་དཔྱོད་གང་ཡང་བྱས་མེད་པ་མ་ཟད་ཁོང་ཉིད་འདས་གྲོངས་སུ་གྱུར་རྗེས་ལམ་སེང་ཕུང་པོ་ཞུགས་འབུལ་བྱས་ཏེ་བོད་ལུགས་ཀྱི་འདས་མཆོད་དང་ཆོ་ག་ཕྱག་ལེན་སོགས་ཡང་གང་བྱེད་བཅུག་མེད་པ་རེད།  ཁོང་གི་ཤུལ་དུ་བུ་ཕྲུག་གསུམ་ལྷག་ཡོད་པ་རེད། 

ལྷ་མོ་དང་ཐར་པ་གཉིས་ཀར་རྒྱ་གར་དུ་ཡོད་པའི་སྤུན་མཆེད་ལ་འབྲེལ་བ་བྱས་པ་དང་དངུལ་བཏང་བའི་ནག་ཉེས་འོག་འཇུ་བཟུང་བྱས་འདུག  སྤྱིར་སྔོན་མ་ནས་བོད་ནང་གི་བོད་མི་མང་པོས་རྒྱ་གར་དུ་ཡོད་པའི་འབྲེལ་ཡོད་སྤུན་མཆེད་ཚོ་ལ་འཚོ་སྣོན་གྱི་ཆེད་དུའམ་ཆོིས་འབྲེལ་འཇོག་བྱེད་དུ་དངུལ་གཏོང་སྲོལ་ཡོད་ཀྱང་ཉེ་ལམ་རྒྱ་ནག་གཞུང་གིས་དམ་དྲག་ཤུགས་ཆེར་བྱས་པའི་རྐྱེན་གྱིས་བོད་མི་མང་པོར་དཀའ་ཁག་འཕྲད་བཞིན་འདུག

ཉེ་དུས་རྒྱ་ནག་གཞུང་གིས་རྒྱ་གར་གཙོས་ཕྱི་ཕྱོགས་སུ་གནས་སྡོས་བྱེད་པའི་བོད་མིར་འབྲེལ་བ་བྱ་རྒྱུར་དམ་དྲག་ཆེས་ཆེར་བྱེད་བཞིན་ཡོད་པར་བརྟེན་བོད་ནང་ནས་རྒྱ་གར་དུ་འབྲེལ་བ་བྱ་རྒྱུ་དང་དངུལ་དངོས་གཏོང་རྒྱུར་འགོག་རྐྱེན་ཆེན་པོ་འཕྲད་བཞིན་འདུག  བོད་ནང་གི་ཕ་མ་སྤུན་མཆེད་ཚོའི་རྩ་ནས་དངུལ་སོགས་ལེན་མི་ཐུབ་པའི་རྐྱེན་གྱི་རྒྱ་གར་ནང་གི་བོད་ཀྱི་སློབ་ཕྲུག་རེ་འགའ་མཐོ་སློབ་ཏུ་འགྲོ་ཐུབ་པ་སོགས་ཀྱི་དཀའ་ངལ་འཕྲད་འདུག་ཅིང་གྲྭ་ཚང་ཁག་གི་གྲྭ་བཙུན་སློབ་གཉེར་བ་མང་དག་ཅིག་ལ་གནོན་ཤུགས་སླེབས་འདུག

ཕྱི་ལོ་ ༢༠༡༤ ལོར་རྒྱ་གཞུང་གིས་འབྲི་རུ་ས་ཁུལ་དུ་བོད་མི་ཚོས་རྒྱ་གར་ནང་དུ་ཡོད་པའི་ཉེ་འབྲེལ་ཚོར་འབྲེལ་བ་གཏན་ནས་བྱེད་མི་ཆོག་པའི་བཀའ་རྒྱ་བཏང་བ་མ་ཟད་བཀའ་རྒྱ་དེ་དང་འགལ་ཚེ་བཙོན་འཇུག་ཁྲིམས་ཆད་དང་གཞུང་གི་སྐྱོབ་གསོའི་དངུལ་མི་སྤྲོད་པ་སོགས་ཀྱིས་ཉེན་བརྡ་བཏང་འདུག་ཅིང་དེའི་རྐྱེན་བྱས་ནས་འབྲི་རུ་ནས་ཡིན་པའི་བཙན་བྱོལ་བོད་མི་ཕལ་ཆེ་བས་རང་གི་ཕ་མ་སྤུན་མཆེད་ལ་བདེ་འཚམ་གྱི་སྐད་ཆ་ཙམ་ཡང་བཤད་རྒྱུ་མ་རག་པར་མི་ལོ་མང་པོ་སོང་ཟིན་པ་ཡོངས་གྲགས་སུ་གྱུར་ཡོད། 

ལྷག་པར་དུ་རྒྱ་གཞུང་གིས་གསང་ཉུལ་བ་མང་པོ་འཇོག་པ་དང་བརྡ་འཕྲིན་དང་ཁ་པར་སོགས་སུ་རྒྱུན་དུ་དོ་དམ་རྒྱ་ཆེར་བྱེད་བཞིན་ཡོད་པར་བརྟེན་བོད་ཕྱི་ནང་གཉིས་ཀའི་བོད་མི་ཧ་ཅང་མང་པོས་ཕ་མ་སྤུན་མཆེད་ཚོའི་བདེ་འཇགས་ལ་དོགས་ནས་རང་སྡོམ་མ་བྱེད་ཀ་མེད་འགྱུར་བཞིན་པའི་གནས་ཚུལ་འབྱུང་བཞིན་འདུག འདི་ག་ལྟེ་གནས་ཁང་གིས་བཏོན་པའི་ཕྱི་ལོ་ ༢༠༢༠ ལོའི་དམིགས་བསལ་སྙན་ཐོའི་ནང་དུ་རྒྱ་ནག་གཞུང་གིས་བྱེད་ཐབས་སྣ་མང་ལ་བརྟེན་ནས་བོད་མི་ཚོར་རང་བསྡོམས་མ་བྱེད་ཀ་མེད་བཟོ་བ་ནི་འགྲོ་བ་མིའི་ཐོབ་ཐང་རྡོིག་རོལ་གཏོང་བའི་གནད་དོན་ཛ་དྲག་ཅན་ཞིག་ཡིན་པ་གསལ་འདོན་བྱས་ཡོད།

to top