ན་གཞོན་ཤེས་ཡོན་ཅན་ས་བུ་ཆེ་ལགས་ལ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག 

བོད་ཁམས་ཕྱོགས་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་ནས་ཡིན་པའི་ན་གཞོན་ཤེས་ཡོན་ཅན་ས་བུ་ཆེའམ་དངོས་མིང་ལ་ཐུབ་བསྟན་བློ་གྲོས་ཞུ་བ་ཁོང་ན་ནིང་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་བཅུ་པའི་ཟླ་དཀྱིལ་ཙམ་ལ་རྒྱ་ནག་གཞུང་གིས་གློ་བུར་དུ་འཇུ་བཟུང་བཙན་ཁྲིད་བྱས་ནས་ཡུན་རིང་གར་སོང་ཆ་མེད་ཀྱི་གནས་བབ་འོག་ལྷུང་རྗེས་ཉེ་ལམ་ཕྱི་ཟླ་དྲུག་པའི་ཚེས་ ༡༤ ཡས་མས་ཤིག་ལ་ལོ་བཞི་དང་ཕྱེད་ཀའི་བཙོན་འཇུག་ཁྲིམས་ཆད་བཏང་འདུག

རྒྱ་ནག་གཞུང་གིས་ས་བུ་ཆེ་ལགས་ཀྱིས་དྲྭ་ལམ་ཁག་ཏུ་“རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་”དང་“མི་རིགས་ཁ་བྲལ་གཏོང་བ་”སོགས་ཀྱི་ནང་དོན་ཅན་གྱི་རྩོམ་ཡིག་མང་པོ་སྤེལ་བར་བསྙད་དེ་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”ཞེས་པའི་ཉེས་མིང་འོག་ཁྲིམས་ཆད་ལྕི་མོ་བཏང་འདུག  གོ་དོན་གསལ་ཁ་རྩ་ནས་མེད་པའི་“རྒྱལ་ཁབ་ཁ་བྲལ་ལ་ངན་སྐུལ་”ཞེས་པའི་ཉེས་མིང་དེ་ནི་རྒྱ་ནག་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་དག་ལ་རྒྱ་ཁྱབ་ཏུ་བཀོལ་སྤྱོད་བྱེད་བཞིན་པའི་ཉེས་མིང་ཞིག་ཡིན།  དེ་ནི་བོད་ནང་དུ་རྒྱ་ནག་གུང་ཁྲན་ཏང་གི་རིག་གཞུང་བཙན་བསྒྱུར་དང་མི་རིགས་རྩ་མེད་གཏོང་ཐབས་ཀྱི་སྲིད་ཇུས་དག་ལ་བཀག་འགོག་བྱེད་མཁན་གྱི་བོད་ཀྱི་ཤེས་ཡོན་པ་དང་གནད་ཡོད་མི་སྣ་རྣམས་འབུར་འཇོམས་གཏོང་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད།

ན་ནིང་ཁྲིམས་ཆད་ཕོག་པའི་རྩོམ་པ་པོ་སྒོ་ཤེས་རབ་རྒྱ་མཚོ་ལགས་དང་རིན་ཆེན་ཚུལ་ཁྲིམས་ལགས།  ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་སོགས་ལའང་ཉེས་མིང་དེ་བཀལ་ཡོད།

ན་ནིང་ཕྱི་ཟླ་བཅུ་གཉིས་པའི་ནང་དུ་འདི་ག་ལྟེ་གནས་ཁང་གིས་འབྲེལ་ཡོད་ཅིག་བརྒྱུད་དེ་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་ནས་ཡིན་པའི་ས་བུ་ཆེ་ལགས་འཇུ་བཟུང་བཙན་ཁྲིད་བྱས་ཟིན་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་ནས་བཟུང་ཁོང་ཉིད་ཀྱི་གནས་བབ་གང་ཅིའི་ཐད་རྟོག་ཞིབ་གང་ཐུབ་བྱས་ཀྱང་རྒྱ་གཞུང་གིས་གསང་རྒྱ་དམ་པོ་བྱས་པ་མ་ཟད་འབྲེལ་ཡོད་ནང་མི་རྣམས་ལ་གནས་ཚུལ་ཕྱིར་བསྒྲགས་བྱེད་མི་ཆོག་པའི་འཇིགས་སྐུལ་ཚད་མེད་བྱས་པར་བརྟེན་ད་དུང་ཁོང་ཉིད་གང་དུ་བཙོན་འཇུག་བྱས་ཡོད་མེད་དང་ཁྲིམས་བཤེར་གང་འདྲ་བྱུང་མེད་ཡོད་སོགས་ཀྱི་གནས་ཚུལ་གསལ་པོ་ཤེས་རྟོགས་བྱུང་མེད།

ས་བུ་ཆེ་ལགས་ནི་ཕྱི་ལོ་ ༡༩༨༧ ལོར་རྫ་ཆུ་ཁ་འབུམ་རྙིང་སྡེ་པ་རུ་སྐྱེས་ཤིང་ད་ལོ་དགུང་ལོ་ ༣༤ ཡིན་པ་རེད།  ཁོང་ཉིད་རྒྱ་ནག་ནས་མཐོ་སློབ་ཐོན་པའི་རྗེས་སུ་ཕྱིར་རང་ཡུལ་དུ་ལོག་སྟེ་སེར་ཤུལ་རྫོང་འབྲིང་རིམ་སློབ་གྲྭ་སོགས་སུ་ཡུན་རིང་དགེ་རྒན་གྱི་ཕྱག་ལས་གནང་འདུག  ཁོང་ནི་བོད་རྒྱ་སྐད་གཉིས་ལ་བྱང་ཆ་ལྡན་ཞིང་གནའ་དེང་གི་རིག་གནས་ལ་མཁྱེན་རྒྱ་ཟབ་མོ་ཡོད་མཁན་གྱི་ན་གཞོན་ཞིག་ཡིན་པས་ཁོང་གིས་རྒྱུན་དུ་བོད་ནང་གི་དྲྭ་ཚིགས་དང་སྤྱི་སྟེགས་ཆེ་གྲས་སོགས་སུ་ཤར་ནུབ་ཀྱི་རིག་གནས་དང་། བོད་ཀྱི་རིག་གནས།  དཔལ་འབྱོར།  འཚོ་བ།  སྤྱི་ཚོགས་སོགས་ཀྱི་ཐད་རྒྱ་བོད་གཉིས་ཀའིོ་ལམ་ནས་དཔྱད་རྩོམ་སྣ་མང་སྤེལ་འདུག  ཁོང་ཉིད་ལ་བོད་ནང་གི་ན་གཞོན་ཚོའི་ཁྲོད་དུ་ཤུགས་རྐྱེན་གང་འཚམ་ཡོད་པ་མ་ཟད་ཁོང་གི་དཔྱད་རྩོམ་རྣམས་ལ་བོད་ནང་གི་ཤེས་ཡོན་པའི་སྡེ་ཁག་དང་སྤྱི་ཚོགས་ཁྱོན་ཡོངས་ནས་གདེང་འཇོག་ལེགས་པོ་ཐོབ་ཡོད་པ་རེད།

འདི་ག་ལྟེ་གནས་ཁང་གི་ངོས་ནས་ཕྱི་ལོ་ ༢༠༡༦ ཙམ་ནས་བཟུང་ཁོང་གིས་བྲིས་གནང་བའི་སྤྱི་ཚོགས་དཔྱད་བརྗོད་ཀྱི་རྣམ་པ་ལྡན་པའི་རྩོམ་ཡིག་ཁག་དང་ཁོང་གིས་དྲྭ་ལམ་དུ་སྤེལ་བའི་གནས་ཚུལ་རྣམས་ལ་རྒྱུས་ལོན་གང་ཐུབ་བྱས་པ་ཡིན་མོད།  དེ་དག་གི་ནང་དོན་ནི་བོད་ཀྱི་སྤྱི་ཚོགས་དང་འཚོ་བ།  སྐད་ཡིག  དཔལ་འབྱོར་གྱི་གནས་བབ།  ཕྱི་ནང་གི་རིག་གནས་སོགས་ཀྱི་སྐོར་ལ་དཔྱད་བརྗོད་བྱས་ཡོད་པ་ལས་ཁྲིམས་དང་འགལ་བའི་ནང་དོན་གཅིག་ཀྱང་མི་འདུག  འོན་ཀྱང་རྒྱ་ནག་གཞུང་གིས་ཁོང་གི་རྩོམ་ཡིག་ཁག་ཅིག་ཁྲིམས་འགལ་ཡིན་ཚུལ་བསྙད་དེ་ཁོང་ལ་ཉེན་བརྡ་ལན་འགར་བཏང་བའི་གནས་ཚུལ་བྱུང་འདུག་ཅིང་ན་ནིང་ཕྱི་ཟླ་བཅུ་པའི་ཟླ་དཀྱིལ་ཙམ་ལ་གློ་བུར་དུ་འཇུ་བཟུང་བཙན་ཁྲིད་བྱས་འདུག  མ་ཟད་སྒེར་གྱི་གློག་ཀླད་ཀྱང་གཞུང་བཞེས་བཏང་སྟེ་དེའི་ནང་གི་རྩོམ་ཡིག་སོགས་ནག་ཉེས་ཡིན་པའི་དཔང་རྟགས་ལ་བེད་སྤྱོད་བཏང་ཡོད་པའི་གནས་ཚུལ་བྱུང་འདུག

ས་བུ་ཆེ་ལགས་ཀྱི་སྟེང་ན་ཁྲིམས་འགལ་གྱི་ནག་ཉེས་གང་ཡང་མེད་ནའང་རྒྱ་ནག་གཞུང་གིས་ཁོང་ལྟ་བུའི་སྤྱི་ཚོགས་ཁྲོད་དུ་ཤུགས་རྐྱེན་ཆེན་པོ་ཡོད་པའི་ན་གཞོན་ཤེས་ཡོན་ཅན་རྣམས་གཅིག་རྗེས་གཉིས་མཐུད་དུ་འཇུ་བཟུང་བཙན་ཁྲིད་དང་བཙོན་འཇུག་ཁྲིམས་ཆད་ལྕི་མོ་གཏོང་བཞིན་པ་ལ་དམིགས་ཡུལ་ངེས་ཅན་ཞིག་ཡོད།

དེ་ནི་ཞི་ཅིན་ཕིང་གི་དུས་ཡུན་གཉིས་པ་ནས་བཟུང་སྟེ་བོད་ནང་དུ་མངོན་སུམ་འཛེམས་མེད་ཀྱིས་རིག་གཞུང་བཙན་བསྒྱུར་བྱེད་པའི་ལས་འགུལ་གཞི་རྒྱ་ཆེར་སྤེལ་བཞིན་ཡོད་པ་དེ་ཡི་ཆ་ཤས་གལ་ཆེན་ཞིག་ཏུ་བརྩི་བཞིན་ཡོད་པ་མངོན་གསལ་རེད།

རྒྱ་ནག་གཞུང་གིས་བོད་ཀྱི་སྐད་ཡིག་དང་རིག་གཞུང་རྩ་མེད་གཏོང་བའི་ལས་འགུལ་ལེགས་འགྲུབ་ཡོང་བར་བོད་ནང་གི་ཤེས་ཡོན་པ་དང་རྩོམ་པ་པོ་རྣམས་འབུར་འཇོམས་གཏོང་རྒྱུ་ནི་ཐོག་མའི་ཆ་རྐྱེན་ཞིག་ལ་ངོས་འཛིན་བྱས་ཏེ་ཁོང་རྣམས་ལ་ནག་ཉེས་ཡོད་མེད་ལ་མ་བལྟོས་པར་ཉེས་མེད་ཉེས་འཛུགས་ཀྱི་ལམ་ནས་གཙང་སེལ་གཏོང་ཐབས་བྱེད་བཞིན་ཡོད།

རྒྱ་ནག་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་ན་ནིང་ལོ་གཅིག་ཙམ་གྱི་རིང་ལའང་བོད་ནང་གི་ཤེས་ཡོན་ཅན་བཅུ་གྲངས་ཞིག་འཇུ་བཟུང་དང་བཙོན་འཇུག་བྱས་པའི་གནས་ཚུལ་བྱུང་ཡོད་ཅིང་དེའི་གྲས་ནས་སྒོ་ཤེས་རབ་རྒྱ་མཚོ་དང་རིན་ཆེན་ཚུལ་ཁྲིམས།  དྷི་ལྷ་ལྡན།  རོང་བོ་དགེ་འདུན་ལྷུན་གྲུབ་སོགས་ལའང་“རྒྱལ་ཁབ་ཁ་བྲལ་གྱི་ངན་སྐུལ་”ཞེས་པའི་ཉེས་མིང་འོག་བཙོན་འཇུག་ཁྲིམས་ཆད་ལྕི་མོ་བཏང་ཡོད།

to top