༧གོང་ས་མཆོག་ལ་སྐྱབས་ཞུ་ཞུ་མཁན་ཚོ་འཇུ་བཟུང་བཙོན་འཇུག་བྱེད་བཞིན་པ་ནི་བོད་མི་ཚོའི་ཆོས་དད་རང་དབང་ལ་འགྱེལ་བའི་སྟེང་དུ་རྡོག་རྫིས་རེད།

ཉེ་བའི་ཆར་རྒྱ་ནག་གཞུང་གིས་བོད་ནང་ནས་༧གོང་ས་མཆོག་གི་སྐུ་མདུན་དུ་སྐྱབས་རྟེན་དང་བསྔོ་རྟེན་རིགས་འབུལ་མཁན་གྱི་བོད་མི་ཁག་ཅིག་འཇུ་བཟུང་བཙོན་འཇུག་དང་ཉེས་ཆད་ལྕི་མོ་གཏོང་བཞིན་པའི་གནས་ཚུལ་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་འདུག་པས་དེ་ནི་རྒྱ་གཞུང་གིས་བོད་མི་ཚོའི་ཆོས་དད་རང་དབང་རྡོག་རོལ་གཏོང་བའི་ཚད་གཞི་ཤིན་ཏུ་ཛ་དྲག་ཅན་དུ་གྱུར་ཡོད་པ་གསལ་པོར་མཚོན་ཐུབ།

འདི་ག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དུ་ཁུངས་ལྡན་གྱི་གནས་ཚུལ་འབྱོར་བ་ལྟར་ན་བོད་མདོ་སྨད་རྔ་བ་ཀིརྟི་དགོན་པའི་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་དང་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་རྣམ་གཉིས་ན་ནིང་ཕྱི་ཟླ་ ༤ པའི་ནང་དུ་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ལོ་གཅིག་ལྷག་སོང་རྗེས་འདི་ལོའི་ཕྱི་ཟླ་ ༧ པའི་ནང་དུ་རྭ་ཆུང་དགེ་འདུན་ལགས་ལ་ལོ་གསུམ་དང་བསོད་ནམས་རྒྱ་མཚོ་ལགས་ལ་ལོ་གཉིས་ཀྱི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་བཅད་འདུག ཁོང་རྣམ་གཉིས་ལ་ཁྲིམས་ཐག་གཅོད་སྐབས་ནག་ཉེས་གཙོ་བོ་ནི་ཁ་པར་བརྒྱུད་དེ་༧གོང་ས་མཆོག་དང་སྐྱབས་མགོན་ཀིརྟི་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་མདུན་དུ་སྐྱབས་ཞུའི་ཆེད་དུ་དངུལ་བསྐུར་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་དེ་ཉིད་ཡིན་ཚུལ་བརྗོད་འདུག

(དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས།)

རྔ་བ་རྫོང་རྨེའུ་རུ་མའི་རུ་ཆེན་གསུམ་པ་ནས་ཡིན་པའི་དགེ་བཤེས་རྭ་ཆུང་དགེ་འདུན་ལགས་ན་ནིང་ཕྱི་ལོ་༢༠༢༡ ལོའི་ཟླ་༤ ཚེས་ ༡ ཉིན་གྱི་མཚན་མོར་རྔ་བ་ཀིརྟི་དགོན་གྱི་རང་ཤག་ནས་གློ་བུར་དུ་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་རྗེས་ཟླ་བ་གསུམ་ཙམ་གྱི་རིང་བཙན་དབང་འོག་གར་སོང་ཆ་མེད་དུ་གྱུར་བའི་གནས་སྟངས་འོག་ལྷུང་འདུག

(དགེ་བཤེས་རྭ་ཆུང་དགེ་འདུན་ལགས།)

རྔ་བ་ལྷ་སྡེ་འགབ་མ་ནས་ཡིན་པའི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱང་ན་ནིང་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༣ ཉིན་སི་ཁྲོན་ཞིང་ཆེན་ཁྲེན་འདུ་རུ་བཞུགས་སྐབས། ཁྲེན་འདུ་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ནས་ལོ་གཅིག་ལྷག་ལ་རྔ་བ་ཁུལ་འབར་ཁམས་ཀྱི་ཉེ་འགྲམ་དུ་ཡོད་པའི་བཀག་ཉར་ཁང་ཞིག་ཏུ་བཅུག་འདུག ཁོང་རྣམ་གཉིས་ཀར་བཀག་ཉར་གི་རིང་ལ་འདྲི་རྩད་ཚོད་མེད་བྱས་པའི་གནས་ཚུལ་འདུག་ཅིང་ད་ལྟ་གཉིས་ཀ་ཁྲེན་འདུ་མེན་ཡང་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་འདུག 

དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས་ཀྱི་སྲིང་མོ་རྒན་པ་ཚེ་རིང་ལྷ་མོ་ཡང་ནག་ཉེས་ཅི་ཡིན་ཁ་གསལ་གང་ཡང་མེད་པར་འཇུ་བཟུང་བྱས་ནས་ལོ་གཅིག་ལྷག་འགྲོ་བཞིན་ཡོད་པ་དང་། ཁོང་མོ་ནི་རྔ་བ་རྫོང་གི་དངུལ་ཁང་ཞིག་གི་ལས་བྱེད་པ་ཡིན་པ་དང་ད་ལྟའི་ཆར་ཁོང་མོར་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་མེད་ཀྱི་གནས་ཚུལ་གསལ་ཁ་གང་ཡང་མི་འདུག

གཞན་ཡང་ཨ་མདོ་རྔ་བ་ནས་ཡིན་པའི་རང་ལོ་ ༦༨ ཅན་གྱི་བུད་མེད་བསམ་སྐྱིད་ཀྱིས་ཉེ་ལམ་མི་གཞན་བརྒྱུད་དེ་༧གོང་ས་མཆོག་གི་སྐུ་མདུན་དུ་བསྔོ་རྟེན་ཕུལ་བའི་རྒྱུ་མཚན་གྱིས་འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་གཞུང་ཉེན་རྟོག་པས་འཇུ་བཟུང་བཙན་ཁྲིད་བྱས་ཏེ་ཉིན་གྲངས་ཉི་ཤུ་ཙམ་ལ་བཀག་ཉར་དང་རྒྱ་སྒོར་ཁྲི་གསུམ་གྱི་ཉེས་ཆད་བཅད་ཡོད་པ་མ་ཟད་ལོ་ལྔ་ཡི་རིང་ལ་གཞུང་གི་སྨན་བཅོས་ལྟ་སྐྱོང་ཐོབ་ཐང་འཕྲོག་ཡོད་པ་དང་། ལོ་ལྔ་ལ་ཐོབ་ཐང་ལག་ཁྱེར་ནག་པོ་བཟོས་འདུག མ་ཟད་ནང་མིའི་ངོས་ནས་ཁྲིམས་རྩོད་པ་གླ་ཐབས་བྱས་ཀྱང་ཉེན་རྟོག་པས་བཀག་འགོག་བྱས་འདུག  

ད་ལྟ་ཁོ་མོ་ནད་གཞིའི་རྐྱེན་པས་སྨན་ཁང་ཞིག་ཏུ་ལྷག་ཡོད་ན་ཡང་ནང་མིར་རྒྱུན་ལྡན་ལྟར་ཐུག་འཕྲད་དང་ཁ་བརྡ་བྱེད་མི་ཆོག་པ་བཟོས་འདུག

ཁོང་ཉིད་དགུང་ལོ་མཐོ་བའི་སྒང་ལ་སྙིང་གི་ན་ཚ་དང་གྲིབ་ནད། གྲང་གཞིའི་ནད་ཧ་ཅང་ཤུགས་ཆེན་ཡོད་པར་བརྟེན་འབྲེལ་ཡོད་ནང་མི་ཚོས་སེམས་ཁྲལ་ཆེན་པོ་བྱེད་ཀྱི་ཡོད་ན་ཡང་ད་ལྟའི་ཆར་དམ་དྲག་གི་རྐྱེན་པས་འཕྲོད་བསྟེན་གྱི་གནས་སྟངས་གསལ་རྟོགས་མི་ཐུབ་པར་གྱུར་འདུག (ཁོང་གིས་བདེ་འཇགས་ལ་བསམས་ནས་འདིར་འདྲ་པར་བཀོད་མེད་ལ་མིང་ཡང་བཅོས་མིང་བྲིས་ཡོད།)

རྒྱ་ནག་གཞུང་གི་སྔོན་ཆད་ནས་བོད་མི་ཚོས་དད་རྟེན་ཆེ་ཤོས་༧གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པའི་དམ་དྲག་ཚོད་མེད་བྱས་དང་བྱེད་མོས་ཡིན་པ་མ་ཟད་ད་ལྟའི་ཆར་ཁོང་གི་སྐུ་མདུན་དུ་ཤི་བོའི་བསྔོ་རྟེན་དང་གསོན་པོའི་སྐྱབས་རྟེན་ཕུལ་བ་དག་ཀྱང་ནག་ཉེས་ཤིག་ཏུ་བརྩིས་ཏེ་འདི་ལྟར་ཁྲིམས་མེད་ལུགས་མེད་ཀྱིས་བོད་མི་ཚོ་འཇུ་བཟུང་བཙོན་འཇུག་དང་ཁྲིམས་ཆད་ལྕི་མོ་གཅོད་བཞིན་པ་ནི་བོད་མིའི་ཆོས་ལུགས་དད་མོས་རང་དབང་ལ་འགྱེལ་བའི་སྟེང་དུ་རྡོག་རྫིས་བྱས་པ་ཡིན་པས་དེ་རིགས་ཀྱི་ཐལ་ཆེའི་བྱ་སྤྱོད་ངན་པ་འཕྲལ་དུ་མཚམས་འཇོག་བྱ་དགོས་པའི་འབོད་སྐུལ་ནན་པོ་ཞུ་རྒྱུ་ཡིན།

to top